ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། 2022-11-29
འགྲིམ་འགྲུལ་སྐྱེལ་འདྲེན་ནི་རྒྱལ་དམངས་དཔལ་འབྱོར་གྱི་རྨང་གཞིའི་རང་བཞིན་དང་། སྔོན་ཁྲིད་རང་བཞིན། འཐབ་ཇུས་རང་བཞིན་བཅས་ཀྱི་ཐོན་ལས་དང་ཞབས་ཞུའི་རང་བཞིན་གྱི་ལས་རིགས་གལ་ཆེན་ཞིག་ཡིན་པས། དེར་རྒྱལ་དམངས་དཔལ་འབྱོར་གྱི་འཕར་རྩ་ཆེན་མོ་ཞེས་བརྗོད་ཀྱི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་སྟེ་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་བྱས་ནས་རང་རྒྱལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་བས་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སེང་ནང་འགྲིམ་འགྲུལ་སྟོབས་ལྡན་གྱི་རྒྱལ་ཁབ་འཛུགས་སྐྲུན་མགྱོགས་སུ་གཏོང་དགོས་ཞེས་བསྟན་ཡོད། དེང་སྐབས་ཀྱི་ཀྲུང་གོས་དེང་རབས་ཅན་གྱི་སྤུས་ཚད་མཐོ་བའི་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་ཕྱོགས་སུ་མགྱོགས་མྱུར་སྐྱོད་བཞིན་ཡོད།
ཟམ་པ་དང་། གླིང་ཕྲན། ཕུག་ལམ། མཚོ་འོག་འབྲེལ་མཐུད་བཅས་གཅིག་ཏུ་བསྡུས་པའི་གཞི་གཅིག་ཅན་གྱི་རིམ་འདས་རྒྱ་མཚོ་སྒྲོལ་བའི་ཁྱུ་ཚོགས་ལས་གྲྭ་ཡིན་པའི་ཧྲེན་ཀྲེན་ནས་ཀྲུང་ཧྲན་བར་གྱི་བགྲོད་ལམ་ནི་ཀང་ཀྲུའུ་ཨའོ་ཟམ་ཆེན་རྗེས་ཀྱི་ཡུའེ་ཀང་ཨའོ་ཁུག་པ་ཆེན་མོའི་ཁུལ་གྱི་འགྲིམ་འགྲུལ་བགྲོད་ལམ་གལ་ཆེན་ཞིག་ཡིན། མིག་སྔར། ལམ་ཐིག་ཡོངས་ཀྱི་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་ཡིན་པའི་མཚོ་འོག་མདོང་ལམ་འདིང་བའི་ཁྲོད་མཐའ་མཇུག་གི་ལྕགས་མདོང་སྒྲིག་སྦྱོར་དང་མཐའ་མའི་སྦྲེལ་མཐུད་གྲ་སྒྲིག་བྱེད་བཞིན་ཡོད་པ་རེད།“ཞེང་ཆེ། གཏིང་སྦས། ཞེང་སྒྱུར”བཅས་ཀྱི་ཕྱོགས་གཉིས་ལ་ཁྱོན་འཁོར་ལམ་བརྒྱད་ཡོད་པའི་མཚོ་འོག་སྦུག་ལམ་འཛུགས་སྐྲུན་བྱ་རྒྱུ་དེ་འཛམ་གླིང་ཐོག་ཐེངས་དང་པོ་ཡིན་པ་རེད། དཀའ་གནད་དེ་ལེགས་སྒྲུབ་བྱེད་མཁན་ཚོགས་པའི་ནང་། མི་མི་ཉུང་བ་ཞིག་དེ་སྔ་ཀང་ཀྲུའུ་ཨའོ་ཟམ་ཆེན་སྐྲུན་པའི་ནང་ཞུགས་མྱོང་ཡོད་པ་རེད།
སྤྱི་ལོ2018ལོའི་སྤྱི་ཟླ10པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀང་ཀྲུའུ་ཨའོ་ཟམ་ཆེན་དོ་དམ་དང་ཨར་སྐྲུན་སོགས་ཐད་ཀྱི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་སྐབས། ཀང་ཀྲུའུ་ཨའོ་ཟམ་ཆེན་བསྐྲུན་པ་དེས་འཛམ་གླིང་ཐོག་གི་ཟིན་ཐོ་མང་པོ་བཏོད་ཡོད་པས་ཧ་ཅང་ཡག་པོ་རེད། དེ་ཐོག་ནས་རང་རྒྱལ་གྱི་ཕྱོགས་བསྡུས་རྒྱལ་ཤུགས་དང་རང་བརྟེན་གསར་གཏོད་ཀྱི་ནུས་པ་མངོན་ཞིང་། འཛམ་གླིང་གི་རྩེར་སོན་གཏོད་ཕོད་པའི་མི་རིགས་ཀྱི་བློ་སྟོབས་མངོན་ཡོད་ཅེས་ནན་བཤད་གནང་བ་རེད།
ལོ་བཅུའི་རིང་། རང་རྒྱལ་གྱིས་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་ཀང་ཀྲུའུ་ཨའོ་ཟམ་ཆེན་སོགས་འཛམ་གླིང་རིམ་པའི་ལས་གྲྭ་ཁག་གཅིག་བསྐྲུན་ཡོད། མིག་སྔར། འཛམ་གླིང་གི་མདུན་གྲལ་བཅུའི་ནང་ཚུད་པའི་གསེག་འཐེན་ཟམ་པ་དང་འཕྱམས་ཟམ་ཁྲོད་ཀྲུང་གོས་ཁག་སོ་སོར་བདུན་དང་དྲུག་བཟུང་ཡོད། མདུན་གྲལ་བཅུའི་ནང་ཚུད་པའི་གྲོག་རོང་ཟམ་པ་མཐོ་ཤོས་དང་རྒྱ་མཚོ་སྒྲོལ་བའི་ཟམ་ཆེན་ཁྲོད་ཀྲུང་གོས་ཁག་སོ་སོར་བརྒྱད་དང་བདུན་བཟུང་ཡོད། རང་རྒྱལ་འདི་ཉིད་འཛམ་གླིང་ཐོག་ཕུག་ལམ་ལས་གྲྭའི་འཛུགས་སྐྲུན་ཐད་གཞི་ཁྱོན་ཆེ་ཤོས་དང་། བསྐྲུན་མང་ཤོས། དཀའ་གནད་ཆེ་ཤོས་བཅས་ཀྱི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད། ལོ་བཅུའི་རིང་། རང་རྒྱལ་གྱི་གཞུང་ལམ་དང་ལྕགས་ལམ་ཐོག་ཟམ་པ་ཁྲི30ལྷག་ཙམ་དང་ཕུག་ལམ་ཁྲི2ཙམ་གསར་དུ་བསྐྲུན་ཡོད་པས་འཛམ་གླིང་གི་ཨང་དང་པོ་མང་པོ་བཏོད་ཡོད།
ལོ་བཅུའི་རིང་། རང་རྒྱལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་སྤྱིའི་གཞི་ཁྱོན་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད་པ་དང་། ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བ་སྤྱི་ལེ་ཁྲི600ལས་བརྒལ་བས། རྒྱལ་ཁབ་ཀྱི་ཕྱོགས་བསྡུས་ལངས་གཟུགས་འགྲིམ་འགྲུལ་དྲ་བའི་སྒྲོམ་གཞི་གཙོ་བོའི་གནས་སྟངས་གཞི་རྩའི་ཆ་ནས་ཆགས་ཡོད། རང་རྒྱལ་གྱིས་འཛམ་གླིང་ཐོག་གི་མྱུར་བགྲོད་ལྕགས་ལམ་དྲ་བ་དང་མྱུར་བགྲོད་གཞུང་ལམ་དྲ་བ་ཆེ་ཤོས་བསྐྲུན་པ་དང་། གནམ་ཐང་དང་གྲུ་ཁ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་གྲུབ་འབྲས་གལ་ཆེན་ཐོབ་པ། མཁའ་འགྲུལ་དང་མཚོ་འགྲུལ་གོ་ལ་ཧྲིལ་པོར་ཤར་གཏོང་ཐུབ་པ། སྦྲག་སྲིད་མྱུར་སྐྱེལ་གྲོང་ཚོར་ཤར་གཏོང་ཐུབ་པ་བཅས་བྱུང་ཡོད། ལྕགས་ལམ་དང་། གཞུང་ལམ། ཆུ་ཐོག་སྐྱེལ་འདྲེན། དམངས་སྤྱོད་མཁའ་འགྲུལ་བཅས་ཀྱི་ཐོག་འགྲུལ་པ་དང་དངོས་ཟོག་འཁོར་རྒྱུག་བྱེད་ཚད་དང་། གྲུ་ཁའི་དངོས་ཟོག་དབོར་སྐྱེན་བྱེད་ཚད། སྦྲག་སྲིད་མྱུར་སྐྱེལ་གྱི་ལས་སྒོ་སྒྲུབ་ཚད་སོགས་ལོ་མང་རིང་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་ཞུའི་ནང་། འགྲིམ་འགྲུལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་སོགས་གྲུབ་ཆ་ལེགས་སྒྲིག་བྱ་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་བ། འགྲིམ་འགྲུལ་སོགས་ཁྱབ་ཁོངས་ཀྱི་དྭངས་གཙང་ཐཱན་ཉུང་བརྗེ་སྒྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཞེས་བསྟན་ཡོད།
མིག་སྔར། དྲ་སྦྲེལ་དང་། དྲ་བ་ཁ་གསབ། འབྲེལ་ཐག་ལེགས་པོ་བཅས་གཙོ་གནད་དུ་བྱས་ཏེ། རང་རྒྱལ་གྱིས་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་ལངས་གཟུགས་འགྲིམ་འགྲུལ་དྲ་བ་གང་མགྱོགས་སྐྲུན་བཞིན་ཡོད་པ་དང་། ཁག་དང་པོའི་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་ཟོག་འདྲེན་ལྟེ་གནས་ཀྱི་འབྲེལ་ཐག་དང་འབྲེལ་ཐག་ཁ་གསབ་གྲོང་ཁྱེར15འཛུགས་སྐྲུན་བྱེད་འགོ་ཚུགས་ཡོད་ལ། པེ་ཅིང་ནས་ཧར་པིན་བར་གྱི་མྱུར་བགྲོད་གཞུང་ལམ་རྒྱས་སྐྲུན་བྱེད་པ་དང་ཕིང་ལུའུ་མིས་བཟོས་གཙང་པོ་སོགས་ལས་གྲྭ་གལ་ཆེན་ཁག་གཅིག་འཛུགས་སྐྲུན་བྱེད་འགོ་ཚུགས་ཡོད། རྒྱལ་ཡོངས་སུ་འགྲིམ་འགྲུལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་གྱི་ཚོད་ལྟའི་ལས་དོན་ཁག374བརྟན་པོའི་ངང་སྤེལ་བཞིན་ཡོད་པ་དང་། དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་སོགས་ཀྱི་མ་ལག་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་བས། བདེ་འཇགས་དང་། སྟབས་བདེ། ལས་ཕྱོད་མཐོ་བ། གནོད་མེད། དཔལ་འབྱོར་བཅས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་མགྱོགས་མྱུར་ཆགས་བཞིན་ཡོད་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10