དབྱངས་གསལ།

དཀོན་མཆོག་དོན་གྲུབ།        2022-11-28

དབྱངས་གསལ་ནི་ངས་ངོ་ཤེས་སུ་གྱུར་བའི་བུ་མོ་ཞིག་ཡིན་ན། ངེད་གཉིས་བྲལ་རྗེས་ཀྱི་སྐྱེ་བ་གསུམ་གྱི་འདས་དོན་ཡོད་ཚད་ང་ལ་དྲན་སོས་པར་བྱས་ཀྱང་། ངའི་སྙིང་རྩ་ནས་འགྱོད་གདུང་གི་ཁྲག་དམར་མི་མཆོད་པར་དུང་སེམས་ཀྱི་འོ་མ་ལྷོག་ལྷོག་འཕྱུར་ངེས།

ངས་རྟག་པར་རང་གི་འཚོ་ཚིས་རྒྱབ་གོས་ཀྱི་གནད་དོན་ཐག་གིས་མ་ཆོད་པར། སྔོན་ལ་དབྱངས་གསལ་གྱི་ལས་དབང་ལ་སེམས་ཁྲལ་བྱས་འགྲོ་བ་ནི་ངའི་གོམས་གཤིས་ཤིག་ཏུ་གྱུར་ཡོད། དེ་ནི “ང་ལ་མ་བབ་པའི་སེམས་ཁུར” ཞིག་རེད་ཅེས་ཁྱད་གསོད་བྱེད་ཀྱང་སྲིད་མོད། མཚམས་མཚམས་སུ། ངས་དངོས་གནས “རང་མགོ་མ་ཐོན་གོང་ལ”རང་དབང་མེད་པར་དབྱངས་གསལ་གྱི་ལས་དབང་ལ་སེམས་ཁུར་བྱས་འགྲོ། ཕལ་ཆེར་ལས་དབང་ཟེར་བའི་གཟུགས་མེད་ཀྱི་རྨུ་ཐག་དེས་ང་དང་དབྱངས་གསལ་གྱི་ལས་དབང་ཡང་གཞི་གཅིག་ཏུ་སྦྲེལ་ཡོད་ལས་ཆེ།

ཉེ་བའི་ལོ་འགའི་རིང་ལ། ང་དབྱངས་གསལ་དང་ཁ་བྲལ་ཏེ་རང་གི་འཚོ་ཚིས་རྒྱབ་གོས་ཀྱི་དོན་དུ་རྒྱུས་མེད་གྲོང་ཁྱེར་ཀུན་ལ་གཡོག་ཏུ་བརྒྱུགས་ནས་ཡུན་རིང་འགོར། ཤེས་མེད་ཚོར་མེད་ངང་། ངས་རང་གི་འདུ་ཤེས་འཛིན་སྟངས་དང་སྐད་ཆ་བཤད་སྟངས་སོགས་ལས་རང་ཉིད་གཞན་ཞིག་ཏུ་འགྱུར་བཞིན་པ་དང་། རང་ཉིད་དབྱངས་གསལ་དང་བར་ཐག་ཇེ་རིང་ནས་ཇེ་རིང་དུ་འགྲོ་བཞིན་པ་ཚོར། དེ་དུས་ངའི་ནང་སེམས་ཀྱི་ཆེས་གཉོམ་ས་ཞིག་ནས་ལོ་ཟླ་ཕྱིར་ལྡོག་བྱེད་སྙིང་དང་། ཡང་ན་ད་ལྟ་ངའི་མིག་ལམ་དུ་སྣང་བའི་སྲང་ལམ་གྱི་སྒོ་བྱང་ཡོད་ཚད་ལ། ཁྲ་ཆིལ་དགུ་ཆིལ་གྱི་གློག་འོད་ཆེམ་ཆེམ་འཕྲོ་བའི་ང་རང་གི་དབྱངས་གསལ་ཡིན་ན་བསམ་བྱུང་། གནས་འདིའི་མི་རྣམས་ན་རེ། ཁྱོད་ཀྱི་དབྱངས་གསལ་ནི་རྒྱང་རིང་གི་ལུང་པ་ཁག་ཅིག་ཏུ་མ་གཏོགས་ངོ་ཤེས་མཁན་མེད་ལ། སྤྱོད་རྒྱ་ཆུང་ཞིང་ཕྱིས་སུའང་དབྱངས་གསལ་སྟོང་ཕྲག་གི་གྲས་ནས་ཕྱིར་དབྱུང་གཏོང་སྲིད་ཅེས་སྨྲ་བ་མངོན་སུམ་དུ་ཐོས། སྐབས་དེ་དག་ཏུ་ངས་གཞན་གྱི་དབྱངས་གསལ་ལ་བརྟེན་ནས་འཚེར་སྣང་གི་སྐད་གདངས་དང་བཅས་རང་གི་དབྱངས་གསལ་ལ་བདེན་པ་བརྡར།

རིང་པོ་ཞིག་ཕྱིན་སོང་། ངས་སྔར་བཞིན་རྒྱུས་མེད་ཀྱི་གྲོང་ཁྱེར་ཞིག་ནས། ངལ་དུབ་དང་ཕམ་ཁ། ཡི་ཆད། འཁང་ར་ཡོད་ཚད་དབྱངས་གསལ་གྱི་ལམ་ནས་ཡང་སྐོར་བསྐྱར་སྐོར་གྱིས་བྲིས་མོད། ངའི་དབྱངས་གསལ་ལ་ཀློག་མཁན་སུ་ཡང་མ་རྙེད་པའི་ལོ་ཟླ་དེ་དག་ལ། ང་ནི་ལྟ་མཁན་མེད་པའི་གར་མ་སྨྱོན་པ་ལྟ་བུ་ཞིག་ཏུ་གྱུར།

རྗེས་སུ་ང་རང་ཕྱིར “དབྱངས་གསལ་གྱི་ལུང་བ” ལ་སླེབས་དུས། ལུང་བ་འདིར་རྒན་པོ་སྐོར་ཞིག་གིས་དབྱངས་གསལ་གྱི་ཆེད་དུ་ཨུ་ཚུགས་བྱེད་པ་ལས་གཞན། ང་གཅིག་པུས་དབྱངས་གསལ་གྱི་ཆེད་དུ་ཅི་ཡང་མ་འགྲུབ་པས་གནོངས་འགྱོད་ཀྱི་མགོ་བོ་དང་ཁར་སྨད་སོང་།

ལོ་ངོ་བརྒྱའམ་ཡང་ན་བརྒྱ་ཕྲག་དུ་མ་ཞིག་གི་ཕ་རོལ་ན། སྔོན་ཆད་མཚར་སྡུག་འོད་སྟོང་འབར་མྱོང་ཞིང་། རྒྱལ་བའི་བཀའ་བསྟན་གྱི་བྲག་རི་གླང་ཆེན་གྱིས་མི་ཐེག་པ་ཞིག། དབྱངས་གསལ་ཟེར་བའི་ཡིག་འབྲུ་སོ་བཞིའམ་ཡང་ན་མཚོན་རྟགས་སོ་བཞིས་ཡོངས་སུ་མ་ཁྱབ་པ་མེད་པའི་ལྷ་ཡི་རི་མོ་སོ་བཞི་ཡི་སྣང་བརྙན་རྡོ་རིང་ལས་མཇལ་བར་གྱུར་ཚེ། ངའི་རང་གི་བསམ་པའི་བརྩེ་དུང་གི་བ་སྤུ་ཡོད་ཚད་ཚོར་བའི་རླུང་གིས་གཡོས་ཏེ་དགའ་སྤྲོ་ཚད་མེད་ཀྱི་མཆི་མ་མིག་ཀོང་ལས་ཟགས་ངེས་ཤིང་།

ངའི་འཁྲུལ་སྣང་གི་མཁའ་དབྱིངས་སུ་དབྱངས་གསལ་སོ་བཞི་བ་ན་རོ “ོ” ལྟ་བུའི་བྱ་རྒོད་ཅིག་གིས་ལྡིང་སྐོར་རྒྱག་གིན། ང་དང་དབྱངས་གསལ་གྱི་བརྩེ་དུང་ལ་རྫོགས་ཤད་བཞག་པ་ལྟ་བུའི་ངའི་ནུས་མེད་ཀྱི་རྐང་བ་གཉིས་ནི། གུས་པའི་སྟོབས་ཀྱིས་བརྟན་ལྷང་ངེར་རྒྱལ་ཁབ་གཞན་གང་ཞིག་གི་འགྱུར་རྡོ་ཉར་ཚགས་ཁང་དུ་འཁྱེར་སྲིད་ཨང་།


  • ལེ་ཚན་སྔོན་མ།:འཛུམ་ཞལ་ཞིག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།