ལོ་ཟླས་མི་མཚོན་པའི་དྲན་པའི་འགྱུར་ཁུག

སོར་གདུབ།        2022-11-14

དུས་ཚིགས་ཀྱི་ལྷུ་ལག་ཚང་བའི་ལོ་ཟླས་ཀྱང་མཚོན་མི་ཐུབ་པའི་དྲན་པ་ཟ་ཟིའི་འགྱུར་ཁུག་འདི། ཇི་ལྟར་བྱས་ན ……

དྲག་ཏུ་མཆོང་ལྡིང་བྱེད་བཞིན་པའི་ཚིག་འབྲུ་ཁ་ཤས་ངས་ཀྱང་བརྗོད་ཤེས་མོད། ཐ་སྙད་ནི་ནམ་ཡང་ཐ་སྙད་ཙམ་ལས་གཞན་དུ་ཅི། བྱ་སྤྱོད་ནི་ཆེས་བློ་དཀར་བའི་གསལ་བཤད་ཅིག་ཡིན་ཡང་། ལྷན་འཛོམས་དང་མཐུན་རྐྱེན་གྱིས་སེམས་ཁ་མི་སྙོམས་པའི་བདག་ལྟ་བུར་མཚོན་ན། བརྩེ་གདུང་གིས་བྲིས་བའི་ནང་སེམས་ཀྱི་རི་མོ། ལོ་མང་བརྩིགས་པའི་རྟོག་འགྱུ་ཡི་བང་རིམ། ལྦུ་བ་སོབ་སོབ་ཏུ་ཁོལ་བའི་མཛའ་བརྩེ་དག། སྨྱུ་གུའི་མཆུ་ལས་དྲངས་ཤིང་ཤོག་བུའི་བློ་ངོགས་ལ་བཀོད་ནས་ཀློག་པ་པོའི་སྤྱན་སྔ་རུ་བསྟར་རྒྱུ་ལས་གཞན་ཅི།།

ལོ་ཟླ། སྣང་སྲིད་ཐམས་ཅད་བཟའ་ཐུབ་པའི་མེ་དཔུང་སྟོབས་ཅན་ཞིག་ཅིས་ཀྱང་ཡིན་ཏེ། རྙིང་པ། ཉམ་པ། ཆག་པ། ཟད་པ། ཡལ་བ། རྒས་པ། འཆི་བ་སོགས་ནི་ལོ་ཟླས་བཟོས་སོང་བར་མཚོན་བྱེད་ཀྱི་ཐ་སྙད་རེ་རེ་ཡིན་པ་ཁ་ཚོན་གཅོད་ཆོག། འོན་ཏེ། ལས་དབང་གི་གྲུ་ཁ་དང་དུས་ཚོད་ཀྱི་གཙང་ངོགས་ནས་ཆེས་རང་དབང་གི་ཟུར་མིག་གཡོས་ལ་འཁོར་བའི་རི་གྲུང་གི་རྙེད་པ་ཆུང་ཆུང་དུ་རློམ་པར་བདམས་ཀ་བྱས་ཡོང་བའི་མི་བུ་ཞིག་རང་སེམས་ཀྱི་དྲོད་ས་ནས་རྒྱང་ཕུད་གཏང་དགོས་ན། སྐྱེ་འཆིའི་ལ་ལུང་དང་བར་དོའི་འགག་འཕྲང་ལ་ཐོད་རྒལ་བྱ་དགོས་པ་ལས། རང་དགར་དུས་ཚོད་ཀྱིས་ཁྱུར་མིད་གཏོང་ཐུབ་པ་ཞིག་གཏན་ནས་མིན་ཏེ། རིག་དཔའ་རུ་འབོད་པའི་ཚ་བ་མདའ་སྨྱུག་གིས། དྲིན་ཆེན་ཕ་རྒན་མེད་པའི་སེམས་སྡུག་དེ།།ལོ་རེ་ཟླ་རེ་སོང་བཞིན་ཇེ་ཆུང་རེད།།སྙིང་སྡུག་ཆུང་མ་མེད་པའི་སྙིང་ནད་འདི།།ཞག་རེ་ཉིན་རེ་སོང་བཞིན་ཇེ་ཆེ་རེད།།ཅེས་པའང་ཅིས་མ་བདེན་ནམ། འདི་ལྟར། བརྩེ་དུང་ཞེས་པའི་ཁོད་དོག་པའི་གསང་ལམ་དུ་རྒྱུ་བའི་མོད་ལ། དྲན་པའི་རས་ཡོལ་ཆེན་པོའི་ངོགས་སུ་འཆར་དང་འཆར་མུན་ཡིན་པ་ནི། ཕོ་བྲང་གི་མངའ་ཐང་གཟན་ཤམ་དང་ལྷན་དུ་ཤོར་བའི་སྤྲུལ་སྐུ་ཚངས་པའི་མཚན་ཅན། སྒྱུ་རྩལ་ལྷན་ཐབས་དང་སྦྱར་བའི་ལྷ་སའི་བོད་དབྱངས་སྨྲེང་བའི་མགུར་དང་བསྲེས་ནས་གང་འདོད་དུ་བརྩེ་བའི་ཆུང་འདྲིས་མ་སྐྱེས་ཨ་མ་དང་ཅི་འདོད་དུ་གཡོས་པའི་མགུར་ཚིག་གི་དར་ཤམ་དེ་དག་རེད། འཁོར་འདས་ཀྱི་རྣམ་ཤེས་ཐོགས་ཀྱང་ལས་དབང་གིས་དང་ལེན་བྱས་བའི་སྐུ་ཞབས་ཤིག་གི་མཚན་མོ་ཨང་། གློད་གྲོལ་དང་བབ་བརླིང་ལྡན་པའི་ངང་ཤམ་ཐབས་གཤོག་པ་ལ་བརྫུས་ཏེ་རྒྱ་ཕིབས་ཀྱི་སྲང་བར་ནས་ག་ལེར་ཤོར་ཆོག་ལ་ལོ་ཟླས་མ་ཐེག་པའི་རྨི་ལམ་ཞིམ་པོ་ཞིག་གི་རྒྱ་མཚོ་རུ་ཅི་དགར་རྩེན་ཆོག།

ང་ལ་མཚོན་ན། ཤོག་བྱ་མེད་པར་ལྟད་མོ་བ་ཙམ་ཞིག་ཡིན་ཡང་ངའི་སེམས་ཁོང་ན་མེ་དྲོད་ལྟ་བུའི་བདེ་སྐྱིད་ཅིག་འཁྱིལ་ཀྱིན་འདུག། རི་བོའི་མཐོ་ས་ནས་རྒྱང་རིང་རྒྱང་རིང་ལ་ཟ་ར་བྱེད་པའི་མིག་ཟུང་ལས་སུ་ཞིག་ཡུན་རིང་སྒུག་པར་ལོག་ཡོང་བ་ལྟ་བུའི་མིག་མདངས་ཤིག་ཀྱང་མངོན་ཡོད། སྙིང་ཉེ་ཡ། ངའི་མིག་མདངས་དེ་ཁྱེད་ཀྱིས་ཕྱིར་དུ་མངོན་པ་ལགས། ནམ་ཡང་ལོག་མི་སྲིད་པ་ཤེས་བཞིན་དུ་མངོན་པ་ལགས། ད་དུང་མེ་དྲོད་ལྟ་བུའི་བདེ་སྐྱིད་ཅིག་ཇི་ལྟར་འཁྱིལ་ལམ། ངའང་རང་མགོ་སྐོར་བླུན་པོ་ཅི་ལ་མིན། །



  • ལེ་ཚན་སྔོན་མ།:དབྱངས་ལགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།