ས་མཐའི་རྨི་ལམ།

ཁ་བ་སྨྱུག་འཛིན།        2022-11-11

ཕྱི་དྲོར་ལི་ཁྲིའི་ཆུ་འཛིན་ནུབ་རིའི་རྩེར།།

སུ་ཞིག་སྒུག་པའི་ཚུལ་གྱི་གདོང་ཉམས་ལ།།

འོད་ཀྱི་ཟེར་མ་ཐོ་རེ་འཕྱར་བ་ཡི།།

ས་མཐའི་རྨི་ལམ་རོལ་བའི་གཞོན་པ་ཚོ།།

མི་བདེ་བདེ་བའི་ཉིན་སྲིབ་མཚམས་སྲུབ་ན།།

མི་ཚེ་ཆུ་ཕྲན་བཞུར་བའི་ལོ་ཟླའི་ཁུད།།

སྙང་སྙོང་སྣང་བའི་སྐྱོ་གར་རྩེན་པ་ཡི།།

ས་མཐའི་རྨི་ལམ་རུམ་པའི་ཡུལ་གྱར་བ།།

མ་ངེས་ལས་རླུང་གཡོ་བའི་བྱེ་མའི་ཐང་།།

བློ་མིག་རྡུལ་གྱིས་འཚང་བའི་ཡུན་གྱི་ཚེ།།

སྔངས་སྐད་ཡིད་ཀྱི་སྡིངས་ནས་ཤོར་བ་ཡི།།

ས་མཐའི་རྨི་ལམ་ཁུར་བའི་ཉམས་ཆུང་ཨ།།

མཚན་མོར་གསོལ་འདེབས་ངག་གིས་མ་ཆད་ཀྱང་།།

ཉིན་མོའི་ཧུར་བརྩོན་ཆུ་རྒྱུན་མ་བསྲིངས་པས།།

ཅང་མེད་དབུལ་པོའི་ལས་ཀྱིས་གཟིར་བ་ཡི།།

ས་མཐའི་རྨི་ལམ་སྐྱོ་བས་མི་ཚེ་བསྒྲིགས།།



  • ལེ་ཚན་སྔོན་མ།:འུ་ཅག་འབྲི་ཀློག་ལ་དགའ་དགོས།
  • ལེ་ཚན་རྗེས་མ།:ཡིད་གདུང་གི་དོ་ཧ་རིང་མོ།