མག་པ།

གཟུངས་བསྡུས་སྐྱབས།        2022-09-28

གཅིག།

མག་པ་ལྤགས་པ་མཉེད་མཉེད་བྱེད་དགོས། སྐད་ཆ་འདི་ནི་ཚེ་རིང་དོན་འགྲུབ་ཀྱི་གྱོས་པོ་ཁོ་ནའི་སྐད་ཆ་མ་ཡིན་པར།ཀླུ་གཞུང་རྩྭ་ཐང་གི་གྱོས་པོ་མང་ཆེ་བ་ཞིག་གི་སྐད་ཆ་རེད།ཡང་ན་བསམ་ཚུལ་རེད་ཅེས་བཤད་ཀྱང་རུང་།དེ་མིན་སྐད་ཆའམ་བསམ་ཚུལ་འདི་ནི་ཀླུ་གཞུང་རྩྭ་ཐང་གི་གྱོས་པོ་རྣམས་ཁོ་ན་མ་ཡིན་པར།ཨ་མདོ་ས་ཆའི་འབྲོག་མི་ཕལ་ཆེ་བ་ཞིག་གིས་མག་པ་རྣམས་ལ་བཟུང་བའི་ལྟ་ཚུལ་རེད་ཅེས་བརྗོད་ཀྱང་རུང་།སྐད་ཆ་འདིས་མག་གསར་ག་ཚོད་ཅིག་ལ་ན་ཟུག་བསླངས་སོང་ངམ།བསམ་ཚུལ་འདིས་མག་རྒན་ག་ཚོད་ཅིག་སྡུག་ལ་ཐུག་ཏུ་བཅུག་སོང་ངམ།ཐ་ན་ཁྱོད་འགྲིག་ང་འགྲིག་གི་བཟའ་ཚང་ག་ཚོད་ཅིག་ལ་གཟུགས་མེད་ཀྱི་བར་ཆད་བྱས་སོང་ངམ།ཁྱོད་བདེ་ང་སྐྱིད་ཀྱི་ཁྱིམ་མི་ག་ཚོད་ཅིག་ཁ་ཁར་བཏང་སོང་ངམ།ད་དུང་་་་་་།བསམ་ཞིང་བསམ་ན་སྐད་ཆ་འདི་ལ་ཇི་འདྲའི་རིན་ཐང་དབེན།བསམ་ཚུལ་འདི་ལ་ཇི་འདྲའི་སྙིང་པོས་སྟོང་།

ད་ནས་བཟུང་མག་པར་འགྲོ་རྒྱུ་མིན།སེམས་ཐག་གོར་མོ་རྡོ་ཡིན།

ཚེ་རིང་དོན་འགྲུབ་ཀྱི་སྐད་ཆ་འདིས་ང་རང་དོགས་པ་ཟབ་མོ་ཇི་སྙེད་ཅིག་གི་གཏིང་དུ་ལྷུང་དུ་བཅུག་སོང་།ཁོ་རང་མག་པར་མི་འགྲོ་ཞེས་སེམས་ཐག་བཅད་ན་ཆོག་མོད་ཀྱང་།མག་པར་སོང་ས་ནས་ཤ་ལས་ཆད་པའི་བུ་ཕྲུག་གཉིས་སྐྱེས་པ་ཇི་ལྟར་བྱས་ཏེ་བློས་གཏོང་ངམ།ད་དུང་སྤྱིར་ན་བཟའ་ཟླའི་ནང་གཏམ་ཕྱི་ནས་གོ་དཀའ་ཡང་།སྒྲོལ་མ་སྐྱིད་ཟེར་བའི་བུ་མོ་དེས་ཚེ་རིང་དོན་འགྲུབ་ལ་བཟུང་བའི་བཟའ་འདང་དེ་རང་ག་བ་ཞིག་མ་རེད།གནམ་འོག་གི་ཆུང་མ་ཇི་སྙེད་ཅིག་གིས་རང་གི་ཁྱོ་ག་ལ་དེ་འདྲའི་བཟའ་འདང་ཞིག་སྟེར་ཐུབ་ཀྱིན་མི་འདུག་བསམ།རྒྱུ་མཚན་ང་རང་ཐེངས་འགའ་ལ་དགོས་དབང་དང་མི་དང་མིའི་བར་གྱི་འབྲེལ་བའི་དབང་གིས་ཚེ་རིང་དོན་འགྲུབ་མག་པར་འགྲོ་སའི་ཁྱིམ་ཚང་དེ་རུ་འགྲོ་སྐབས།སྒྲོལ་མ་སྐྱིད་ཀྱིས་ཚེ་རིང་དོན་འགྲུབ་ལ་བརྩི་བཀུར་བྱེད་སྟངས་དང་།ཨ་ཡ་འོ་ཡ་ཞེས་ཡ་ལན་སྟེར་སྟངས་དེ་དངོས་གནས་ཡིད་སྨོན་འཆོར་བ་ཞིག་རེད།དེའི་རྐྱེན་གྱིས་ང་རས་ཚེ་རིང་དོན་གྲུབ་ཀྱི་ཁས་འཆེས་པ་ལྟ་བུའི་སྐད་ཆ་འདི་གློ་བུར་དུ་དང་ལེན་བྱེད་དཀའ་བ་ལྟ་བུའི་ཚོད་དུ་གྱུར།

མིའི་སེམས་ཁམས་མི་འདྲ་བ་ལས་གདོང་གི་རྣམ་འགྱུར་མི་འདྲ་བ་རེ་ཕྱིར་མངོན་སྲིད་པ་ནི་མིའི་རིགས་ཀྱི་ཐུན་མོང་གི་གདོད་གཤིས་ཤིག་ཡིན་སྲིད།གང་ལྟར་ཚེ་རིང་དོན་གྲུབ་ཀྱིས་ང་ཡི་གདོང་ལ་བལྟས་ཙམ་བྱས་རྗེས།མདུན་གྱི་ཅོག་ཙེའི་སྟེང་གི་ཁོ་ཧྥེ་དེ་ལ་ཧུབ་འཐུང་ཞིག་བྱས་ཤིང་།དེར་མཐུད་ནས་ང་ཡི་སེམས་ཁམས་དང་གདོང་གི་རྣམ་འགྱུར་རྟོགས་ཡོད་པ་ལྟ་བུའི་ཁ་བརྡ་ལྷོད་ལྷོད་ཅིག་བྱས་པ་ནི།ཁོ་ཧྥེ་ཁང་འདིའི་ནང་གི་བཏང་དང་གཏོང་བཞིན་པའི་གླུ་དབྱངས་ཏེ།ཧང་ཁོང་གི་གླུ་པ་ཀྲང་གོ་རོང་གིས་བླངས་པའི་དེ་དུས་ཀྱི་བརྩེ་བ།ཞེས་པ་དང་མཉམ་སྡེབ་རོལ་མོ་ལྟ་བུ་ཞིག་ཏུ་གྱུར་སོང་།

གྲོགས་གཅེས།ངས་ཧ་ལམ་ཁྱོད་ཀྱིས་ཅི་ཞིག་ལ་འདང་རྒྱག་བཞིན་པ་ཤེས།སྐྱོན་ནི་མ་རེད།ང་ཡང་ཆུང་དུས་ནས་བཟུང་ཕ་མེད་དྭ་ཕྲུག་ཅིག་གི་སྐྱེ་བ་བླངས་ནས་ནར་སོན་པ་ཡིན།བྱིས་པ་གཉིས་ལ་ཆེས་མ་མཐའ་ཡང་ང་ལས་སྡུག་པའི་ལས་དབང་ཞིག་ཡོད་མི་སྲིད།ཆུང་མ་དང་ངེད་གཉིས་བར་གྱི་གྱེས་བྲལ་འདི་ལས་དབང་ཞིག་ཡིན་པར་བྱོས།

སྐད་ཆ་འདི་བཤད་སྐབས་ཀྱི་ཚེ་རིང་དོན་གྲུབ་ཀྱི་རྣམ་འགྱུར་ཡང་ཇི་འདྲའི་གཟབ་ནན་དང་ལྡན་པ་ཞིག་རེད།ཕར་བལྟས་ཚོད་དུ་མིག་ལ་རན་པའི་གསར་ཡག་འདིས་ད་དུང་ཡང་བུ་མོ་བགྲང་ལས་འདས་པ་ཞིག་གི་སེམས་བཀུག་ནས།ཡང་བསྐྱར་ཆང་ས་རྒྱག་རྐྱང་ལོས་ཡིན་མོད་ཀྱང་།ཁོའི་གཟི་ཁྲ་དང་འདྲ་བའི་མིག་ཟུང་དེ་གཉིས་ནང་གི་མིག་མདངས་དང་གོང་དུ་བཤད་པའི་སྐད་ཆའི་ནང་དོན་ལས།དོན་དམ་དུ་ཁོ་རས་བྱིས་པ་གཉིས་དང་ཆུང་མ་བཅས་བློས་གཏོང་ཐུབ་ཀྱིན་མེད་པ་ལོས་ཤེས།དེ་ཡང་ལོས་ཡིན་ཏེ།འཇིག་རྟེན་གནམ་འདིའི་འོག་ཏུ་གཅན་གཟན་དག་གིས་ཀྱང་རང་གི་ཤ་ལས་ཆད་པའི་གཅེས་ཕྲུག་དག་ལ་བདག་སྐྱོང་དང་བརྩེ་བ་ཚད་མེད་གནང་བ་དེ་ངོ་མཚར་ཆེ་བ་ལ།བརྒྱ་ལ་ཚེ་རིང་དོན་གྲུབ་ཀྱིས་ཆུང་མ་བསྐྱུར་ཐུབ་པའི་དབང་དུ་བཏང་ཡང་།རང་དང་ཤ་ཁྲག་རུས་གསུམ་འབྲེལ་བའི་བུ་ཕྲུག་གཉིས་བསྐྱུར་ག་ལ་ཐུབ།ངས་བསམ་པ་ཡིན་ན།ཁོས་དེ་ལྟར་རང་གི་ནར་སོན་གྱི་ལོ་ཟླའི་ཁྲོད་ཀྱི་སྡུག་བསྔལ་དང་བུ་ཕྲུག་གཉིས་ཀྱི་སྐྱིད་སྡུག་གཤིབ་བསྡུར་བྱས་པ་དེས་ཁོ་རང་བུ་ཕྲུག་གཉིས་ཀྱི་མ་འོངས་པ་ལ་སེམས་ཁུར་ཆེ་བ་མཚོན་ཐུབ་ཅིང་།ཆུང་མ་དང་གྱེས་བྲལ་འབྱུང་དགོས་པ་འདི་ལས་དབང་ཟེར་བ་ཞིག་ལ་ཁ་གཡར་དོན་ནི།ཁོས་རང་སེམས་ཀྱི་སྡུག་བསྔལ་ཇེ་ཡང་དུ་གཏོང་ཁུལ་བྱས་པ་དེ་མིན་ནམ།ངས་དེ་ལྟར་ཁོའི་གདོང་གི་རྣམ་འགྱུར་དང་ལྷོད་ལྷོད་དུ་གནང་བའི་སྐད་ཆ་དེ་ལ་བརྡར་གཅོད་འོས་འཚམ་ཞིག་བྱས་རྗེས།མིག་སྔར་ཁོ་ལ་ཆེས་མཁོ་བའི་སེམས་གཏམ་ཞིག་གློད་པར་ཡང་དང་ཡང་དུ་འདང་ཞིབ་མོ་ཞིག་བརྒྱབ་ནས་བཤད་འགོ་བརྩམས།

ངས་བསམ་ན་ཁྱོད་ནི་མི་སྡུག་ཐེག་མཁན་ཞིག་ཡིན་པས།དྭ་ཕྲུག་གི་འཚོ་བ་དེས་ཁྱོད་རང་གཏན་ནས་ཡར་ལངས་རྒྱུ་མེད་པ་ཞིག་ཏུ་བཟོས་མི་འདུག། ཡིན་ན་ཡང་བྱིས་པ་གཉིས་བཤད་དཀའ་རྒྱུ་རེད།ཁྱོད་ཀྱིས་ཁོ་གཉིས་དངོས་གནས་རྒྱབ་ཏུ་བསྐྱུར་བ་ཡིན་ན།ཁོ་གཉིས་ཚེ་གང་བོར་སྡུག་བསྔལ་གྱི་དོང་དུ་ལྷུང་ན་ཐང་།ཆུང་མ་ཡང་དེ་ལས་མ་འདས་པ་རེད།ལས་དབང་ནི་སྡར་མ་ཚོའི་ཁ་འདོན་ཞིག་ལས་ཅི་ཡང་མ་རེད།

སེམས་གཏམ་འདིའི་རྗེས་ཀྱི་ཚེ་རིང་དོན་གྲུབ་ནི་བསམ་གཏན་པ་ཞིག་ལྟར་ཡུད་ཙམ་ལ་གྲག་འགུལ་ཅི་ཡང་མེད་པར།གཟི་ཁྲ་དང་འདྲ་བའི་མིག་ཟུང་གཉིས་རིག་རིག་ཏུ་འགུལ་ཙམ་དང་འགུལ་ཙམ་བྱས་ནས་བསྡད་པའི་མོད་ལ།ངའི་སེམས་སུ་གོང་དུ་བཤད་པའི་སེམས་གཏམ་དེས་ཁོ་རང་ཇི་ལྟ་བུའི་སེམས་ཁམས་ཤིག་ཏུ་འཁྲིད་ཡོད་པར་སེམས་ཁྲལ་བྱེད་འགོ་བརྩམས།མཚམས་རེར་བསམ་པ་བཟང་པོའི་སྒོ་ནས་བཤད་པའི་སྐད་ཆ་ལ་ལྡོག་ཕྱོགས་ཀྱི་ནུས་པ་ཞིག་ཐོན་ལས་ཆེ་བ་དང་།བཟང་བྱས་ངན་དུ་གྱུར་བའི་གནས་ཚུལ་ཡང་འབྱུང་སྲིད་ན།ད་རེས་ཀྱི་སེམས་བཟང་བཅངས་པའི་སེམས་གཏམ་དེས་ཁོ་ལ་ཤུགས་རྐྱེན་ག་འདྲ་ཞིག་ཐེབས་སྲིད་དམ།ངེད་གཉིས་འདི་ལྟར་རང་རང་ས་ན་སྐད་ཆའི་བཤད་མཚམས་ཆད་ནས་ཁ་རོག་གེར་བསྡད་ཡོད་དུས།ཁོ་ཧྥེ་ཁང་འདིའི་ཞབས་ཞུ་མ་ཞིག་ངེད་གཉིས་ཀྱི་གམ་དུ་ཐོན་ཞིང་།ངེད་གཉིས་ཀྱིས་འཐུངས་ཚར་ཡོད་པའི་ཁོ་ཧྥེའི་འཐུང་སྣོད་སྟོང་བ་དག་འགྱིག་ཤོག་ཅིག་ཏུ་ཉར་ཚགས་བྱས་རྗེས།ངེད་གཉིས་ཕྱོགས་སུ་བསམ་བཞིན་ཡིན་པ་ལྟ་བུའི་འཛུམ་མདངས་ཤིག་འཕངས་རྗེས།གོ་ལྷམ་མཐིལ་ཤིང་དུ་སྤོས་པའི་སྒྲ་ཐག་ཐག་ཐག་ཏུ་གྲག་ཏུ་འཇུག་བཞིན་ངེད་གཉིས་ཀྱི་འདུག་གནས་དང་རྒྱབ་ཀྱིས་ཕྱོགས་སོང་།

ང་ཚོའི་ས་ཆ་རུ་མག་པ་རྣམས་ལ་བཟུང་བའི་ལྟ་ཚུལ་འདི་ངན་པ་ལ།ད་ནི་ངས་ཅི་ཞིག་བྱས་ན་དགའ་འམ།ཡང་མིན་ན་རྫ་མ་ལག་ནས་གཏོང་དགོས།དེ་མིན་ན་ལག་པ་རྫ་མས་བསྲེག་དགོས།

ཚེ་རིང་དོན་གྲུབ་ཀྱིས་སླར་ཡང་ཁ་གྲག་འགོ་བརྩམས་སོང་།ཁོའི་སྐད་ཆའི་ཁྲོད་ནས་ཁོ་རང་ཡིད་གཉིས་ཐེ་ཚོམ་དུ་གྱུར་ཡོད་པ་རྟོགས་ཐུབ།ཁོའི་སྐད་ཆ་ལ་གནས་ལུགས་ཀྱང་གང་ལ་གང་འཚམ་ཞིག་འདུག། ང་ཚོའི་ས་ཆ་འདི་རུ་མག་པ་རྣམས་ལ་བཟུང་བའི་ལྟ་ཚུལ་དེ་ལ་གསར་སྒྱུར་ཞིག་བྱེད་རན་འདུག། དངོས་ནས་ཁ་དཔེར་ཡང་མག་པ་སོ་མ་བུ་དང་འདྲ།བསྡད་ཀྱིན་བསྡད་ཀྱིན་གཡོག་པོ་འདྲ།ཟེར་བ་ཅི་མ་བདེན།དེ་ནི་ཇི་འདྲའི་དགོད་བྲོ་བའི་ཁ་དཔེ་ཞིག་དང་ཇི་འདྲའི་སྐྱུག་བྲོ་བའི་བསམ་སྦྱོར་ཞིག་རེད།མཚམས་རེར་སྲིད་པ་རྒད་པོའི་གཏམ་ལ་ཡང་ཡིད་ཆེས་བྱེད་རྐྱང་ཞིག་མ་རེད་བསམ།བསམ་ཚུལ་འདི་ལྟ་བུ་ཞིག་མག་པ་ཁོ་ན་མ་ཡིན་པར།གནས་འགྲོ་བུ་མོའམ་མནའ་མ་དག་གི་ལས་དབང་ཡང་དེ་འདྲའི་ཡ་ང་བའི་སྲིད་པའི་གཏམ་དང་བསམ་བློའི་རྒྱུན་གྱི་ཁྲོད་དུ་ཉམ་ང་ལ་སྙིང་རྗེ།འདི་ལྟར་བསམ་བློ་རེ་བཏང་ན།ང་རང་ཚེ་རིང་དོན་གྲུབ་ཀྱི་ལས་དབང་ལ་སྙིང་རྗེ་འཆོར་བར་མ་ཟད།ང་ཚོ་ས་ཆའི་མག་པ་དང་མནའ་མ་བྱིངས་ཀྱི་ལས་དབང་གི་ཆེད་དུ་འཇིགས་སྣང་ཞིག་ཀྱང་སྐྱེས་སོང་།ངས་ཅི་ལྟར་བྱས་ཏེ་གྲོགས་པོ་འདི་ལ་རོགས་ར་བདའ་བྱེད་དམ།རེད།ངས་ཁོ་ལ་བསམ་བློའི་རླབས་རྒྱུན་གསར་བ་ཞིག་གི་མེ་སྟག་མཆེད་དུ་འཇུག་ཨེ་ཐུབ་བལྟ།

རྫ་མ་ལག་ནས་གཏོང་དོན་མེད་ལ་ལག་པ་རྫ་མས་བསྲེག་ཏུ་འཇུག་དགོས་དོན་ཡང་མེད།ད་ནི་འདི་ལྟར་བགྱིས།ཐག་རིང་ཐག་རིང་ཞིག་ལ་སོང་ཞིག ཆུང་མ་དང་བུ་ཕྲུག་གཉིས་འཁྲིད་ལ་སོང་ཞིག ནམ་མཁའ་ན་འཕུར་བཞིན་པའི་བྱ་དང་ས་ཐོག་ན་ནུར་བཞིན་པའི་འབུ་སྲིན་ཡིན་ཡང་།རང་ཁ་རང་གིས་གསོ་ཐུབ་བཞིན་ཡོད་ན།ཁྱོད་འགྲོ་བ་མི་ཞིག་གིས་བཟའ་མི་ཚོའི་ཁ་གསོ་རྒྱབ་འགེབ་བྱེད་ཐུབ་དགོས་ནི་རེད།གཅིག་བྱས་ན་འདི་ལྟར་བྱེད་པ་ནི་མག་པ་དང་མནའ་མར་མཐོང་ཆུང་བྱེད་པའི་མི་དེའི་རིགས་ལ་གདོང་གཏོད་སྟངས་ཤིག་ཀྱང་ལོས་ཡིན་སྙམ།

ངས་ཁོ་ལ་ངན་བསླབས་པ་རྩ་བ་ཉིད་ནས་མིན།འཇིག་རྟེན་དུ་ཁ་འགྲིག་གྲོས་འགྲིག་ཡིན་པའི་བཟའ་ཚང་ཚོའི་བར་དུ།རྗེས་ལུས་ཀྱི་བསམ་བློ་སེམས་ཀྱིས་མི་བཟོད་པ་རེ་འཁྱེར་ཡོང་སྟེ།གཟུགས་མེད་ཀྱི་གཏོར་ཤུགས་ཤིག་གིས་བཟའ་ཚང་ཁ་ཁར་གཏོང་བ་དང་།ཕ་མ་དང་བུ་ཕྲུག་གསོན་བྲལ་གཏོང་བའི་གནས་བབ་འོག་ཏུ།ལམ་ཁ་གང་ཡིན་ཡང་གདམ་གསེས་བྱ་ཐུབ་དགོས་པ་རེད།དེའི་རྐྱེན་གྱིས་ངས་ཁོ་ལ་དེ་འདྲའི་རེ་བ་ཞིག་བཏོན་པ་ཡིན།དྲང་མོར་བཤད་ན།མག་པ་ཡིན་ན་ཅི་རེད།མནའ་མ་ཡིན་ན་ཡང་ཅི་རེད།མག་པ་དང་མནའ་མ་དག་ནི་གཡོག་པོ་དང་གཡོག་མོ་ལྟ་བུ་ཞིག་ཏུ་ངོས་འཛིན་བཞིན་པའི་མི་བུ་དེ་ཚོ་ནི་ཇི་འདྲའི་གོ་རྟོགས་དམའ་བའི་མི་བུ་ཡ་མ་བརླ་ཏག་ཏག་རེད།མི་འདིའི་རིགས་ནི་མིའི་གཟུགས་སུ་ཡར་ལངས་ནས་འགྲོ་བ་ཙམ་མ་གཏོགས།དོན་གྱིས་མི་ངོ་མ་ཞིག་ཏུ་གྱུར་ཐུབ་མི་འདུག་བསམ།མི་འདིའི་རིགས་ནི་རིན་ཐང་ལྟ་བའི་སྟེང་ནས་གླེང་ན་ནི།ཡ་ཁའི་སྣབས་ཀྱི་དོ་ཡ་ཡང་ཡོང་གིན་མི་འདུག། རེད།ཁོ་ཚོ་ནི་ཡ་ཁའི་སྣབས་ལ་ཡང་མིི་དོ་བའི་མི་ཅོལ་ཆུང་ཏག་ཏག་རེད།

ཐག་རིང་ཐག་རིང་ཞིག་ལ་སོང་ཞིག་ཅེས་པའི་འཆར་གཞི་འདི་ཚེ་རིང་དོན་གྲུབ་ཀྱི་བློ་ལ་བབས་སོང་བ་འདྲ།ཁོས་ང་ཡི་འཆར་གཞི་རང་བཞིན་གྱི་སྐད་ཆ་འདི་ལ་ཉན་རྗེས།གདོང་ལ་ང་ཚོས་ནམ་རྒྱུན་ལག་འཁྱེར་ཁ་པར་གྱི་ཁ་ཕྱེས་མ་ཐག་ཏུ་ཤར་ཡོང་བའི་འོད་ཀྱི་འཁྱུག་རིས་དེ་དང་འདྲ་བའི་འཛུམ་མདངས་གསར་པ་ཞིག་ག་ལེར་ཤར་ཞིང་།མདུན་གྱི་ཁོ་ཧྥེ་ལ་འཕྲོ་རིམ་འཕྲོར་ཧུབ་འགའ་བཏབ་ཅིང་།གཟི་ཁྲ་དང་འདྲ་བའི་མིག་ཟུང་ལས་སླར་ཡང་བསམ་བློ་གསར་པ་ཞིག་ལ་ལག་གཡུག་བྱེད་པ་ལྟ་བུའི་རྣམ་འགྱུར་མངོན་འདུག། ཁྲིགས་ཁྲིགས་མེད་ན་ད་ནི་ཁོ་རང་ཆུང་མ་དང་བུ་ཕྲུག་ཚོ་དང་མཉམ་དུ་ཐག་རིང་ཐག་རིང་ཞིག་ལ་འགྲོ་སྲིད།དེ་འདྲ་ཞིག་ཡིན་ཙ་ན།ང་ཡི་གང་དྲན་དྲན་མ་ཡིན་པའི་སེམས་གཏམ་འདི་ལ་ཡང་གཟུགས་མེད་ཀྱི་སྒུལ་ཤུགས་ཤིག་ཡོད་སོང་བར་བགྱིས།གང་ལྟར་ད་ནི་ས་སྲོད་འདིའི་ཤུལ་དུ་ལྷག་པའི་དུས་ཚོད་དག་ཁོ་ཧྥེ་ཁང་འདིའི་ནང་གི་བཏང་དང་གཏོང་བཞིན་པ་སྟེ།ཧང་ཁོང་གི་གླུ་པ་གླུ་མ་དེ་ཚོའི་དབྱངས་རྟའི་ཁྲོད་དུ་བཞུད་དུ་ཆུགས་ཤིག། སྒྱུ་རྩལ་པ་འདི་དག་གི་བླ་ན་མ་མཆིས་པའི་གླུ་གཞས་ཀྱི་སྒྱུ་རྩལ་རེ་རེས་གྲོགས་ཚེ་རིང་དོན་གྲུབ་དང་ངེད་གཉིས་ཀྱི་སེམས་ཁམས་ལ་ངར་སྨན་བླུད་པ་ལྟ་བུའི་སྟོབས་ཤུགས་གསར་པ་དང་རེ་བ་གསར་པ་རེ་ཡོད་དུ་འཇུག་ཐུབ་སྲིད།

གཉིས།

དེ་རིང་ང་རང་གཅིག་པུ་དེ་སྔ་ཚེ་རིང་དོན་གྲུབ་དང་མཉམ་དུ་བསྡད་མྱོང་སའི་ཁོ་ཧྥེ་ཁང་དེ་རུ་ཡོད།ཉིན་བཅུ་ཙམ་གྱི་སྔོན་ལ་ངེད་གཉིས་ཀྱིས་ཁོ་ཧྥེ་ཁང་འདི་རུ་ཕན་ཚུན་ལ་སེམས་གཏམ་བཤད་མྱོང་།ཉིན་བཅུ་ཙམ་གྱི་རྗེས་ཏེ་ཁ་སང་གི་ས་སྲོད་ཅིག་ལ།ང་རང་རྐང་ཐང་དུ་རྫོང་མཁར་འདིའི་སྲང་ལམ་ཉུལ་ནས་འགྲོ་སྐབས།ཚེ་རིང་དོན་གྲུབ་ཀྱིས་ང་ལ་ཁ་པར་ཞིག་བཏང་ཡོང་།ཁོའི་ཁ་པར་ལམ་ནས་བཤད་པའི་སྐད་ཆ་དེས་ང་རང་ཉིན་བཅུའི་སྔོན་གྱི་ཁོ་ཧྥེ་ཁང་འདིའི་ནང་གི་སེམས་གཏམ་དག་ལ་ནུས་པ་ཐོན་སོང་བ་ཡིད་ཆེས་སྐྱེས་སོང་།ང་ཡི་བསམ་པར་སེམས་གཏམ་དེ་དག་གིས་ཁོ་ལ་ལྡོག་ཕྱོགས་ཀྱི་ལམ་ཞིག་བསྟན་མེད་ན་དེས་ཆོག་སྙམ།ཅིས་ཀྱང་ཚེ་རིང་དོན་གྲུབ་ཀྱི་ཁ་པར་ལམ་གྱི་སྐད་ཆ་དེ་ལ་དཔག་ན།ཁོས་ཆུང་མ་དང་བྱིས་པ་གཉིས་ཁྲིད་དེ་ཐག་རིང་ཐག་རིང་ཞིག་ལ་འགྲོ་རྒྱུ་ཡིན་པ་ནི་ཐག་ཆོད་རེད།དཀོན་མཆོག་གསུམ་པོས་མཁྱེན།ངེད་གཉིས་ཀྱི་ཁ་བརྡའམ་སེམས་གཏམ་དེས་ཁོ་དང་ཁོའི་བཟའ་མི་རྣམས་ལ་ཡང་དག་པའི་ལམ་སྟོན་ཞིག་མཛད་ཡོད་པར་ཞུ།

གྲོགས་པོ་དགའ་བོ།ངས་ཆུང་མ་དང་བྱིས་པ་རྣམས་ཁྲིད་དེ་ཐག་རིང་ཐག་རིང་ཞིག་ལ་འགྲོ་བཞིན་ཡོད།ནམ་ཞིག་ང་ཚོས་རང་ལ་དབང་བའི་ཁྱིམ་ཚང་འབྱོར་ཕྱུག་དང་ལྡན་པ་ཞིག་སྐྱོང་ཐུབ་རྗེས་ཕྱིར་ཕ་ཡུལ་ལ་ཡོང་།དེ་དུས་ངེད་བཟའ་མི་གང་བོས་ཁྱེད་ལ་ཁོ་ཧྥེ་ཁང་དེ་རུ་མགྲོན་བསུ་བྱེད།ཡ་་་ད་་་བདེ་མོ་བྱོས་ཨ།

ལམ་ནས་སེམས་ཆུང་བྱོས།ས་མཐའ་ནས་ལྷག་ཏུ་ནས་ཀྱང་སེམས་ཆུང་བྱོས།

ངའི་སེམས་སུ་ཁོ་ཚོས་དངོས་ནས་སེམས་ཆུང་བྱས་ན་དགའ་སྙམ་པར་མ་ཟད།ཁོའི་བཟའ་མི་གང་བོ་ཐག་རིང་ཞིག་ལ་སོང་བར་འབྲས་བུ་ཞིག་ཡོད་ན་སྙམ།ནམ་ཞིག་ཁོ་ཚོ་དངོས་གནས་འབྱོར་ཕྱུག་དང་ལྡན་པའི་ཁྱིམ་ཚང་ཞིག་ཏུ་གྱུར་ནས་ཕྱིར་ཕ་ཡུལ་དུ་ལོག་པ་ཡིན་ན།ཚེ་རིང་དོན་གྲུབ་ཀྱི་ཆུང་མའི་ཨ་ཕ་སྟེ།ཚེ་རིང་དོན་གྲུབ་ཀྱི་སྒྱུག་པོ་གཙོ་བྱས་པའི་ཀླུ་གཞུང་རྩྭ་ཐང་གི་མི་མང་པོ་ཞིག་གིས་ཁོ་ཚོར་བཟུང་བའི་ལྟ་སྟངས་འགྱུར་འགྲོ་ནི་རེད།རྒྱུ་མཚན་རྒྱུ་ནོར་གྱི་མདུན་དུ་ཁོ་ཚོ་ནི་རྔ་མ་སྐྱེས་མེད་པའི་ཁྱི་ལྡོམ་ཏག་ཏག་དང་འདྲ་བ་མ་ཡིན་ནམ།གཅིག་བྱས་ན་དེ་དུས་ཁོ་ཚོས་ཚེ་རིང་དོན་གྲུབ་བཟའ་མི་ཡོངས་ལ་ཕྱག་ཀྱང་འཚལ་སྲིད།ངོ་མ་ང་རང་ཕ་ཡུལ་གྱི་ལུགས་སྲོལ་མང་པོ་ཞིག་ལ་ཞེ་བསམ་པའི་གཏིང་ནས་ཁོ་ཆད་སྐྱེས་ཡོང་།

མདང་ནུབ་ང་རང་གཉིད་དགའ་ཞིག་ལོག་མ་ཐུབ།མཚན་གང་བོར་གྲོགས་ཚེ་རིང་དོན་གྲུབ་ཀྱི་གསར་བརྗེ་ལྟ་བུའི་གདམ་གསེས་དེའི་ཆེད་དུ་གཉིད་ལོག་མ་ཐུབ།ཧ་ལམ་ཐོ་རེངས་དུས་ཚོད་དྲུག་ཡས་མས་སུ་གཉིད་མ་སད་ཀྱི་མལ་ཁྲིའི་ནང་གི་འགྲེ་ལོག་བྱེད་པའི་འཚོ་བ་དེ་ཕར་གཡུག་རྗེས།ཁ་ལག་ཀྱང་མ་བཀྲུས་པར་འདི་ག་ཁོ་ཧྥེ་ཁང་དུ་ཡོང་བ་ཡིན།དགའ་འོས་པ་ཞིག་ལ་ཁོ་ཧྥེ་ཁང་འདི་རུ་དུས་ཚོད་ཉི་ཤུ་རྩ་བཞིའི་རིང་ལ་སྣེ་ལེན་བྱེད་པའི་ཞབས་ཞུ་བ་དང་ཞབས་ཞུ་མ་རྣམས་ཡོད་རེད།དྲོ་ཞིང་དྲོ་བའི་འབོལ་ཁྲི་འདིའི་སྟེང་དུ་ངས་རང་དབང་མེད་པའི་གཉིད་ལྕོགས་འགའ་བརྒྱབ་པ་ང་རས་ཀྱང་ཤེས་མོད།འོན་ཀྱང་ད་ཆ་ཐག་རིང་ཐག་རིང་ཞིག་ལ་འགྲོ་བཞིན་པའི་བཟའ་མི་དེ་ཚོའི་ཆེད་དུ།ངས་ཡང་དང་བསྐྱར་དུ་རང་གི་གཉིད་རང་གིས་བཀག་ནས་ཁོ་ཚོའི་ཆེད་དུ་སེམས་ཁྲལ་ཚད་མེད་བྱས།དྲང་མོར་བཤད་ན།ང་རང་མ་གཉིད་པ་ཙམ་གྱིས་ཁོ་ཚོར་ཕན་ཅི་ཞིག་ཐོགས་སམ་།ཕན་ཐོགས་ནི་མ་རེད།གང་ལྟར་ང་རང་གཉིད་ན་མི་བསམ།

སྐུ་མགྲོན།་་་སྐུ་མགྲོན།་་་་་

ཞབས་ཞུ་མ་ཞིག་གིས་སྐད་གདངས་དམའ་ཞིང་གུས་ཞབས་ཡོད་པའི་སྒོ་ནས་ང་ལ་འབོད་བཞིན་འདུག ངས་དེ་མ་ཐག་མཁྲིག་མའི་སྟེང་གི་ཆུ་ཚོད་ལ་བལྟས་ཙ་ན།ཕྱི་དྲོའི་དུས་ཚོད་ལྔ་དང་སྐར་མ་ཉི་ཤུ་རྩ་གཉིས་ཙམ་ལ་ཐོན་འདུག གནའ་ཤི་བོ།མ་བསམ་ས་ནས་ང་རང་གཉིད་དུ་ཡུར་ནས་དུས་ཚོད་རིང་པོ་ཞིག་འགོར་ཚར་འདུག། ཞབས་ཞུ་མ་དེས་ང་སར་བསམ་བཞིན་ཡིན་པ་ལྟ་བུའི་འཛུམ་གདངས་ཤིག་བསྟན་རྗེས།ཐག་ཐག་ཐག་ཏུ་གོམ་སྒྲ་སྙིང་དུ་སྡུག་པ་ཞིག་གྲག་ཏུ་འཇུག་བཞིན་ང་དང་རྒྱབ་ཀྱིས་ཕྱོགས་སོང་།ཞབས་ཞུ་མ་དེ་སོང་ཤུལ་དུ་ངས་ཁ་པར་ཡིད་ལ་དྲན་ཞིང་ཁ་པར་སྣོག་འདོད་སྐྱེས།ཁ་པར་གྱི་འཆར་ཤེལ་ངོས་སུ་ཚེ་རིང་དོན་གྲུབ་ཀྱིས་ང་ལ་ཁ་པར་ཐེངས་འགར་བཏང་བའི་གསར་འཕྲིན་འགའ་མངོན་འདུག། ངོ་མ་མི་ཟེར་བ་འདིས་གཏུ་མིག་གི་གཉིད་ལ་ངོ་ཡ་བྱེད་ཐབས་བྲལ་བས།བྱ་གཞག་མང་བོ་ཞིག་ཀྱང་འགྲུབ་དཀའ་འདུག། དཔེར་ན་དེ་རིང་གི་གཉིད་འདིས་གྲོགས་ཚེ་རིང་དོན་གྲུབ་ཀྱི་གནད་འགག་གི་དུས་དེ་ལ་ཁ་པར་གྱི་སྣེ་ལེན་ཙམ་ཡང་བྱེད་མ་ནུས།ངས་དེ་ལྟར་རང་གིས་རང་ལ་སྒྲ་མེད་པའི་ལེ་བདའ་འམ་འཁང་ར་ཞིག་བྱས་རྗེས།དེ་མ་ཐག་གྲོགས་ཚེ་རིང་དོན་གྲུབ་ལ་ཁ་པར་གཏོང་འགོ་བརྩམས།

གྲོགས་པོ།དགོངས་འགལ་མེད་པར་ཞུ།ངས་དུས་ལྟར་དུ་ཁྱོད་ཀྱི་ཁ་པར་ལ་སྣེ་ལེན་བྱེད་མ་ཐུབ།'

སྐྱོན་མེད།ང་ཚོ་དེ་རིང་ཟི་ལིང་ནས་ཞག་སྡོད་བྱེད་རྒྱུ་ཡིན།སང་ཉིན་མུ་མཐུད་ནས་ཐག་རིང་ཐག་རིང་ཞིག་ལ་ལམ་ལ་ཆས་རྒྱུ་ཡིན།ང་ཚོའི་ཕ་ཡུལ་དང་བར་ཐག་ཇི་ལྟར་རིང་ན་དེ་ལྟར་བཟང་།མ་གཏོགས་ཆུང་མའི་ཁྱིམ་མི་དེ་ཚོ་སུན་པ་ལ།ད་ནི་ཁ་པར་མང་བོ་འཕྲོ་རིམ་འཕྲོར་གཏོང་བཞིན་འདུག། ཡིན་ཡང་ཆུང་མ་དང་ངེད་གཉིས་ཀྱིས་གྲོས་བྱས་ནས་གཏན་ནས་ཁ་ཡ་བྱེད་ཀྱིན་མེད།'

འོ་ལེ།གནས་སྐབས་སུ་དེ་ལྟར་བྱས་ན་བཟང་།ཁོ་ཚོར་འདི་ལྟར་ཁ་གཏད་གཅོག་པ་ལས་ཐབས་ཅི།ཡིན་ན་ཡང་།འཕུར་ས་ཨ་སྔོན་གནམ་ཡིན་ཡང་འབབ་ས་དོག་མོ་ས་ཡིན་ནི་རེད།ནམ་ཞིག་ཕྱིར་ཕ་ཡུལ་ལ་ཤོག་དང་།མཉམ་དུ་ཁོ་ཧྥེ་འཐུང་དུ་འགྲོ།

འོ་ཡ།འདང་རྒྱག་མེད།དེ་དུས་ངོ་ཐུག་ནི་རེད།

སང་ཉིན་ཁོ་ཚོ་མུ་མཐུད་ནས་ཐག་རིང་ཐག་རིང་ཞིག་ལ་འགྲོ་རྒྱུ་ཡིན་ན།དོན་དམ་དུ་ཐག་རིང་ཐག་རིང་ཞེས་པ་དེ་གང་ཞིག་ཡིན་ནམ།ངས་བསམ་ན་གྲོགས་ཚེ་རིང་དོན་གྲུབ་ཀྱིས་ཀྱང་ཐག་རིང་ཐག་རིང་ཞེས་པ་དེ་གང་ཞིག་ཡིན་པ་ཤེས་རྒྱུ་མ་རེད་བསམ།ཅིས་ཀྱང་འདི་ནི་ཕ་ཡུལ་གྱི་མི་མང་པོ་ཞིག་གི་བསམ་བློའི་བར་ཐག་དང་ཐག་རིང་ཐག་རིང་ཞིག་ཏུ་གནས་པ་ནི་བསྙོན་མེད་རེད།བསམ་བློ་དང་ལྟ་སྟངས་མི་གཅིག་པའི་ཡུལ་གྲུ་འདི་ནས།མཚམས་རེར་གནས་ངེས་མེད་ཀྱི་ཐག་རིང་ཐག་རིང་ཞིག་ལ་འགྲོ་དགོས་པ་ནི་ཆེས་ལེགས་པའི་གདམ་གསེས་ཤིག་ཡིན་ཡང་སྲིད།གཅིག་བྱས་ན་འདི་ནི་བསམ་བློ་གསར་རྙིང་གཉིས་ཀྱི་བརྡབ་གསིག་ལས་ཐོན་པའི་མི་དང་མིའི་བར་གྱི་འགལ་བ་ཞིག་ཡིན་ཡང་སྲིད།ཅི་ལྟར་བཤད་ཀྱང་ཆོག། ཕ་ཡུལ་གྱི་སྒྱུག་པོ་དང་སྒྱུག་མོ།གྱོས་པོ་དང་གྱོས་མོ།དེ་མིན་ད་དུང་མི་མང་པོ་ཞིག་གིས་མག་པ་དང་མནའ་མ་རྣམས་ལ་མཐོང་ཆུང་བྱེད་པའི་བསམ་བློ་དེའི་ངོ་རུ་ཐལ་གྱིས་མཆོད་དོ་སྐྱབས་བསུ་མཆིའོ།དུས་རབས་དང་སྤྱི་ཚོགས་ལོ་རེ་ནས་ལོ་རེར་ཇེ་བཟང་དང་ཇེ་ལེགས་སུ་འགྲོ་བཞིན་པའི་འགྱུར་ལྡོག་འདིའི་ཁྲོད་ནས།ཕ་ཡུལ་གྱི་འགྱུར་འོས་པའི་བསམ་བློ་དང་ལྟ་སྲོལ་མང་པོ་ཞིག་ཀྱང་འགྱུར་ཐུབ་ན་ཅི་མ་རུང་།ངོ་མ་ཅི་མ་རུང་སྙམ་ཡོད།

དྲང་མོར་བཤད་ན།ཚེ་རིང་དོན་གྲུབ་ཀྱི་གྱོས་པོ་ལ་ཡང་ཁག་ཡོད་ནི་མ་རེད།མི་མང་ཆེ་བ་ཞིག་སྤྱི་ཚོགས་དང་ཁོར་ཡུག་གི་ཐོན་རྫས་ཡིན་པ་ལས།མིའི་ཐོན་རྫས་ནི་སྤྱི་ཚོགས་དང་ཁོར་ཡུག་ཡིན་རྒྱུ་མ་རེད་བསམ།དེ་བས་ཚེ་རིང་དོན་གྲུབ་ཀྱི་གྱོས་པོ་ཡང་སྤྱི་ཚོགས་དང་ཁོར་ཡུག་འདིའི་བསམ་བློ་གུ་དོག་པོ་ཞིག་གིས་བཟི་སྨན་བརྒྱབ་ཡོད་པ་ཙམ་རེད།སྙིང་རྗེ།ཚེ་རིང་དོན་གྲུབ་ཀྱི་གྱོས་པོ་ཡང་སྙིང་མ་རྗེ།ཁྲིགས་ཁྲིགས་མེད་ན་ཚེ་རིང་དོན་གྲུབ་ཀྱི་གྱོས་པོའི་གདོད་གཤིིས་དེ་ལྷད་མེད་ཅིང་དྭངས་ཤིང་གཙང་བ་ཞིག་ཡིན་ལས་ཆེ།གཙོ་བོ་ཕ་ཡུལ་གྱི་ཁོར་ཡུག་དང་ཁོར་ཡུག་འདིའི་བསམ་བློ་ལ་ལ་ཞིག་རྗེས་ལུས་ཐེབས་དྲགས་པས་རེད།ཡིན་ཙང་ངས་ནི་ཚེ་རིང་དོན་གྲུབ་ཀྱི་གདམ་གསེས་འདི་ནི་ཕ་ཡུལ་གྱི་བསམ་བློ་གུ་དོག་པ་ཞིག་ལ་གདོང་གཏོད་སྟངས་ལས།ཚེ་རིང་དོན་གྲུབ་ཀྱི་གྱོས་པོ་ཁོ་ན་ལ་ངོ་ཡ་བྱེད་སྟངས་ཤིག་མ་རེད་ཟེར་ཐུབ།རེད་ཡ།ཕ་ཡུལ་དུ་ཁ་ལོ་བསྒྱུར་དགོས་པ་དང་ངོ་ཡ་བྱེད་དགོས་པའི་བསམ་བློ་ད་དུང་ཡང་ག་ཚོད་འདུག་ཨང་།བསམ་བློ་དེ་དག་གི་མདུན་དུ་ཚེ་རིང་དོན་གྲུབ་ལྟ་བུའི་ལག་ལེན་དངོས་ཀྱི་སྟེང་ནས་རྒྱབ་འགལ་བྱེད་ཕོད་པའི་མི་བུ་ག་ཚོད་ཅིག་འདུག་ཨང་།

ང་རང་གཅིག་པུ་འདི་ལྟར་བསམ་གཞིག་གི་གཏིང་དུ་ལྷུང་འགོ་བརྩམས།ཁོ་ཧྥེ་ཁང་འདིའི་ནང་གི་ལྷོད་ཅིང་ལྷོད་པོར་གྲག་བཞིན་པའི་ཧང་ཁོང་གི་གླུ་དབྱངས་དེ་དག་ཇི་འདྲའི་སྙིང་དུ་ཟུག་པ་ལ།ང་ཡི་སེམས་ཚེགས་ཀྱི་ཀློང་ན་བསམ་བཞིན་པའི་བསམ་གཞིག་དང་གླུ་དབྱངས་ཀྱི་དབྱངས་རྟ་རེ་རེས་སེམས་སུ་སྐྱོ་སྣང་གི་ན་བུན་ཞིག་ག་ལེར་འཁྲིགས་འགོ་བརྩམས་པའི་མོད་ལ།ངས་འདི་ལྟར་རང་སེམས་རང་གིས་གསོ་འགོ་བརྩམས་པ་སྟེ།བསམ་བློའི་གསར་བརྗེ་ནི་དུས་ཚོད་ངེས་ཅན་ཞིག་ལ་འཁེན་དགོས་པས།ང་རང་བྲེལ་འཚུབ་ཇི་འདྲ་ཞིག་སྐྱེས་ཀྱང་དགོས་པ་ཅི།གང་ལྟར་དུས་ཚོད་ཀྱི་སྔ་གཞུག་ཙམ་མ་གཏོགས།བསམ་བློ་སྙིང་པོ་མེད་པ་དག་གི་ཚབ་ཏུ་བསམ་བློ་རིན་ཐང་ཅན་རེ་གསར་སྐྱེས་ཀྱི་མྱུ་གུ་བཞིན་དུ་སྐྱེས་ཡོང་ནི་རེད།ངས་དེ་ལྟར་གནས་ལུགས་ཡོད་པ་ལྟ་བུའི་སྲིད་པའི་འགྱུར་ལྡོག་གི་ཆོས་ཉིད་ཅིག་གིས་རང་སེམས་ལ་ངར་བླུད་པ་ན།གླུ་དབྱངས་ཀྱི་དབྱངས་རྟ་ལྷོད་པོ་དེ་དག་སྙིང་དུ་ཟུག་པའི་སྡུག་བསྔལ་གྱི་འགྱུར་ཁུགས་རེ་རེ་ནས་ཕར་སྙིང་དུ་སྡུག་པའི་སྤྲོ་སྣང་གི་འགྱུར་ཁུགས་རེ་རེ་རུ་གྱུར་ཞིང་།དེའི་མཚམས་སུ་ཕོ་བ་ལྟོགས་བཞིན་པའི་ཚོར་སྣང་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་སྐྱེས་འོང་།རེད་ཡ།ངས་ད་དུང་ནངས་ཇ་ཡང་འཐུང་མེད་པ་མིན་ནམ།ཁོ་ཧྥེ་ཁང་འདི་རུ་ཁོ་ཧྥེ་འཐུང་རྒྱུ་ཡོད་པ་ཕུད་སྒོ་ངའི་བག་ལེབ་དང་འབྲས་ཐང་ཡང་ཟ་འཐུང་བྱེད་རྒྱུ་ཡོད་པ་མ་ཡིན་ནམ།རེད།ད་ནི་སེམས་ལྷོད་ལ་བབས་ནས་ཟ་འཐུང་ཞིག་བྱེད་རན་འདུག། ཡང་གཅིག་བཤད་ན་ཞབས་ཞུ་མ་ཀན་ལ་ཡང་ཚོད་ལྟ་ཞིག་བྱེད་བསམས་ནས་ཡུན་རིང་འགོར་ཡོད་པ་མིན་ནམ།འོ་ན་ང་རང་ཅི་ལྟར་བྱས་ཏེ་ཁོ་མོའི་འཚོ་བ་དང་་དང་ཉེ་སར་བཅར་དགོས་སམ།

མཛེས་མ།་་་མཛེས་མ།ཁྱོད་འདིར་ཤོག་དང་།ང་ཁྱོད་ལ་བཤད་རྒྱུ་ཞིག་འདུག།



  • ལེ་ཚན་སྔོན་མ།:ཟླ་བ་ལྷ་མོ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།