རོང་བྲག་རྫོང་ལ་རྒྱ་ལུགས་སྨན་རྒྱུ་ཐོན་ལེགས་བྱུང་ནས་ཡུལ་མིའི་ཡོང་འབབ་རིམ་བཞིན་འཕར།

ཀུན་དགས་བསྒྱུར།        2022-09-28

ད་ཆ།རོང་བྲག་རྫོང་མདའ་མདོ་གྲོང་རྡལ་མདའ་མདོ་གྲོང་སྡེའི་རྒྱ་ལུགས་སྨན་རྒྱུ་འདེབས་འཛུགས་རྟེན་གཞིར་སྔོག་འཐུ་བྱེད་པའི་དུས་ཚིགས་ཐོག་མ་དེ་སླེབས་ཡོད་པས་ས་གནས་དེ་གའི་ཡུལ་མི་ཚོས་གནམ་གཤིས་ཡག་པོའི་གོ་སྐབས་དམ་འཛིན་བྱས་ཏེ་གོ་རིམ་ལྡན་པའི་ངང་བརྔ་བསྡུ་བྱས་ནས་ཐོན་ལེགས་ཀྱི་རྣམ་པ་ཞིག་ཐོན་ཡོད།

རོང་བྲག་རྫོང་གིས2018ལོ་ནས་བཟུང་མིའི་ཐབས་ལ་བརྟེན་ནས་རྒྱ་ལུགས་སྨན་རྒྱུ་བཏབ་པ་དང་ལོ4ཡི་རྗེས་ནས་སྙི་བ་སྔོག་འཐུའི་དུས་ཚིགས་ཐོག་མ་དེ་སླེབས་ཤིང་།ཡོང་འབབ་སྒོར་ཁྲི་བརྒྱ་ཙམ་བྱུང་ནས་ཡུལ་མི་ཚོའི་གདོང་ལ་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བཞིན་མཆིས།

ཉེ་བའི་ལོ་ཤས་རིང་།ཡུལ་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་རྒྱུན་མཐུད་བསྐུལ་བ་དང་།ཞིང་པའི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་སྤེལ་གཏང་ཆེད།རོང་བྲག་རྫོང་གིས་རྒྱ་ལུགས་སྨན་རྒྱུ་འདེབས་འཛུགས་འཕེལ་རྒྱས་བཏང་ནས་རྫོང་ཡོངས་ཀྱི་རི་རྐེད་ས་ཁོངས་ཀྱི་ཞིང་པའི་ཡོང་འབབ་འཕར་སྣོན་གཏོང་བའི་བསམ་ཕྱོགས་གསར་པ་བཏོད་ཡོད།

རོང་བྲག་རྫོང་ནི་དཔེ་མཚོན་གྱི་རི་མཐོ་གྲོག་རོང་གི་ས་བབ་ཆགས་ཚུལ་ཡིན་ཞིང་།རི་རྐེད་ས་ཁོངས་སུ་སྔ་ནས་ད་བར་རི་སྐྱེ་སྤྲུ་ནག་དང་སི་ཁྲོན་སྙི་བ་སོགས་རྒྱ་ལུགས་སྨན་རྒྱུ་ཐོན་གྱི་ཡོད། 2018ལོར་རོང་བྲག་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཡུལ་བབ་དང་བསྟུན་ནས་རྒྱ་ལུགས་སྨན་རྒྱུ་འདེབས་འཛུགས་ལ་དམིགས་པའི་དཀར་མཛེས་ཁུལ་ཅ་ཡོན་རྒྱ་ལུགས་སྨན་རྒྱུ་འདེབས་འཛུགས་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་ནང་འདྲེན་བྱས་པ་རེད། ལོ4བསྟུད་མར་ཅ་ཡོན་སྤྱི་གཉེར་ཁང་གིས་མི་སེར་སྣེ་འཁྲིད་དེ་རྒྱ་ལུགས་སྨན་རྒྱུ་འདེབས་ཁྱོན་རྒྱུན་ཆད་མེད་པར་རྒྱ་སྐྱེད་བཏང་ནས་ད་བར་རྫོང་ཡོངས་སུ་མུའུ1300ཁྱབ་གདལ་བཏང་སྟེ་རྒྱ་ལུགས་སྨན་རྒྱུ་འདེབས་འཛུགས་བྱ་རྒྱུ་དེ་རོང་བྲག་རྫོང་གི་སྤུས་ལེགས་མིང་བྱང་ཞིག་ཏུ་གྱུར་ཡོད།

རྒྱ་ལུགས་སྨན་རྒྱུའི་ཐོན་ལས་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་པ་དང་ཆབས་ཅིག་མི་སེར་དེ་བས་མང་པོ་རྒྱ་ལུགས་སྨན་རྒྱུའི་ཐོན་ལས་ནང་ཞུགས་ཡོད། སྤྲུ་ནག་དང་སྙི་བ་ད་དུང་ཐོན་མེད་པའི་དུས་སུ་འདེབས་འཛུགས་དུད་ཚང་གིས་ལོ་ལྟར་སྤྲུ་ནག་ཉོ་སྒྲུབ་བྱས་ནས་ཡོང་འབབ་འཕར་སྣོན་ཡོང་བ་བྱེད་ཀྱི་ཡོད། 2021ལོར་མདའ་མདོ་གྲོང་རྡལ་ཡར་ཁོ་གྲོང་སྡེས་ས་བོན་ཉོས་ནས་ཡོང་འབབ་སྒོར་ཁྲི8རག་ཡོད། མི་སེར་ཚོས་ཐོན་ལས་འབབ་འཕར་ཡོང་བ་དང་དུས་མཉམ་དུ་ཅ་ཡོན་སྤྱི་གཉེར་ཁང་དུ་ལས་ཀ་བྱས་ནས་གླ་ཆ་ལེན་ཆོག་པས་ལོ་ལྟར་གྲོང་སྡེ་ཡོངས་ལ་ཡོང་འབབ་སྒོར་ཁྲི100ལྷག་ཡོང་གི་ཡོད།དེའི་ནང་ས་ཞིང་གླས་བཤུག་བྱས་པར་སྒོར་ཁྲི20དང་།སྒོ་ལུད་དང་ཞིང་ལུད་རུལ་རིགས་ཉོ་སྒྲུབ་བྱས་པར་སྒོར་ཁྲི20ངལ་ནུས་གྲོན་དངུལ་སྒོར་ཁྲི60ལ་ལྷག་ཟིན་གྱི་ཡོད།

ཅ་ཡོན་སྤྱི་གཉེར་ཁང་གི་ལག་རྩལ་སྤྱི་ཁྱབ་ལྟ་ཞིབ་པ་ཧྲི་ཅུས་ལེན་གྱིས་སྤྱི་གཉེར་ཁང་གི་ལས་མི་ཚང་མ་ས་གནས་དེ་གའི་མི་སེར་ཡིན་པ་དང་ལོ་ཧྲིལ་པོར་གླ་པ་བྱེད་པར་ཡོང་མཁན་ལས་དུས་ཉིན6000ལྷག་ཙམ་ཡོད།དེའང་ཡོང་འབབ་སྒོར་ཁྲི60ལྷག་ཙམ་ཟིན་པ་དང་དེའི་ཐོག་ས་ཞིང་འཁོར་རྒྱུག་གི་འགྲོ་གྲོན་བསྣན་ཚེ་རྟེན་གཞིས་ལོ་ལྟར་ས་གནས་དེ་གར་ཡོང་འབབ་སྒོར་ཁྲི100ལྷག་ཡོང་གི་ཡོད་ཅེས་བཤད།

རྟེན་གཞིར་གླ་པ་རྒྱུག་དགོས་དོན་སྐོར་གླེང་སྐབས་མདའ་མདོ་གྲོང་སྡེའི་གྲོང་མི་ཏེང་ཁའེ་ལིན་གྱིས་རིམས་ནད་ཀྱི་རྐྱེན་པས་ཁྱིམ་དུ་རྒན་རྒོན་དང་ཕྲུ་གུར་ལྟ་རྟོག་བྱེད་དགོས་བྱུང་བས་ངས་རང་ཁྱིམ་དང་ཉེ་སར་ལས་ཞུགས་བྱས་ནས་རྟེན་གཞིར་གླ་པ་རྒྱུག་རྒྱུའི་གདམ་ག་བྱས་པ་ཡིན། དེ་གར་ས་ཞིང་ཁོད་སྙོམས་བྱེད་པ་དང་།ལུད་རྒྱག་པ།རྩྭ་ངན་བཀོད་པ།སྨན་རྩྭ་བརྔ་བསྡུ་བཅས་བྱས་ནས་ཉིན་གཅིག་ལ་གླ་ཆ་སྒོར100རག་བཞིན་ཡོད།ལོ་གཅིག་ནང་ཉིན150ལྷག་ལ་གླ་ཆོག་པ་རེད།ཁྱིམ་དུ་མི་གཉིས་རྟེན་གཞིར་ལས་ཀ་བྱེད་ཀྱི་ཡོད་པས་ལོ་གཅིག་ལ་ཡོང་འབབ་ཁྱོན་བསྡོམས་སྒོར་ཁྲི3ཙམ་རག་བཞིན་ཡོད་ཅེས་བཤད།

ཐོན་ལས་དར་རྒྱས་གཏོང་བར་བརྟེན་ནས་མི་སེར་གྱི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་ཁྲིད་དེ་བས་ཡག་པོ་བྱ་ཆེད།རོང་བྲག་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ད་དུང་ཅ་ཡོན་སྤྱི་གཉེར་ཁང་དང་མཉམ་དུ་ཐོན་ལས་དར་རྒྱས་གཏོང་བའི་ལམ་བུ་འཚོལ་ཞིབ་བྱས། རྟེན་གཞིའི་རྒྱ་ལུགས་སྨན་རྒྱུ་དང་། སྤྲུ་ནག་ཐོན་ལས་འཕེལ་རྒྱས་གཏོང་བའི་ཁྲོད་ཅ་ཡོན་སྤྱི་གཉེར་ཁང་གི་དེ་སྔའི་ཁེ་ལས་ཀྱིས་ཐད་ཀའི་གཉེར་སྐྱོང་བྱེད་སྟངས་ལ་བརྟེན་ནས་ཏང་ཀྲི་པུའུ་དང་ཞིང་དུད་རྣམས་བཀུག་སྟེ་ཐུན་མོང་ཐོག་སྤྲུ་ནག་དོ་དམ་དང་གཉེར་སྐྱོང་ནང་ཞུགས་སུ་བཅུག་པ་དང་ཆབས་ཅིག། དངུལ་ཁང་གི་ཞིང་ཕན་དངུལ་རྩའི་སྲིད་ཇུས་ལུགས་མཐུན་ངང་སྤྱད་དེ་ཏང་ཀྲི་པུའུ་དང་།སྤྱི་གཉེར་ཁང་།ཐུན་མོང་དཔལ་འབྱོར།ཞིང་དུད་བཅས་ཟུང་དུ་འབྲེལ་བའི་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་ཞིག་བཏོད་ཡོད།

ཅ་ཡོན་སྤྱི་གཉེར་ཁང་གི་སྤྱི་ཁྱབ་ཅིང་ལི་ཝང་ཆང་གིས་ང་ཚོའི་འཕེལ་རྒྱས་གཏོང་སྟངས་གསར་ཤོས་ནི་མཉམ་འབྲེལ་གྲོང་སྡེའི་ཐུན་མོང་དཔལ་འབྱོར་དང་མཉམ་དུ་འཕེལ་རྒྱས་གཏང་རྒྱུ་དེ་ཡིན། ཞིབ་ཕྲའི་བྱེད་སྟངས་ནི་གྲོང་སྡེའི་ཏང་ཀྲི་པུའུ་དང་སྤྱི་གཉེར་ཁང་།གྲོང་སྡེའི་ཐུན་མོང་དཔལ་འབྱོར།ཞིང་དུད་བཅས་ཡིན་པ་སྟེ།ཏང་ཀྲི་པུའུ་ཡིས་གཅིག་གྱུར་འགོ་ཁྲིད་དང་མཐུན་སྦྱོར་བྱས་ནས་སྤྱི་གཉེར་ཁང་གིས་ལག་རྩལ་གྱི་འགན་འཁུར་བ་དང་།གྲོང་སྡེའི་ཐུན་མོང་དཔལ་འབྱོར་གྱིས་ཐོན་སྐྱེད་སྒྲིག་འཛུགས་བྱེད་འགན་འཁུར་བ།ཞིང་དུད་ཀྱིས་ཐོན་སྐྱེད་བྱེད་འགན་འཁུར་བ།སྤྱི་གཉེར་ཁང་དང་གྲོང་སྡེའི་ཐུན་མོང་དཔལ་འབྱོར་གྱིས་ཁག་སོ་སོར་མ་རྐང་བརྒྱ་ཆ50བཟུང་བ།ཁག་སོ་སོས་མ་དངུལ་བརྒྱ་ཆ50བཏང་བ།མཐར་བརྒྱ་ཆ50ཡི་ཕན་འབྲས་ལོངས་སྤྱོད་བྱེད་ཀྱི་ཡོད་ཅེས་བཤད།།



  • ལེ་ཚན་སྔོན་མ།:2022ལོའི་ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་གྱི་མང་ཚོགས་ཀྱིས་ལོ་ལེགས་མཉམ་སྤྲོའི་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།