གཏམ་བཟང་། ཆུ་གློག་ས་ཚུགས་འདི་ནས་གློག་འདོན་འགོ་བཙུགས་འདུག།

        2022-09-27

  སྤྱི་ཟླ9པའི་ཚེས25ཉིན་ལ། འབྲི་ཆུའི་སྟོད་རྒྱུད་ཀྱི་ནུས་ཁུངས་གཙང་མའི་རྟེན་གཞིའི་གློག་ཚུགས་ཐོག་མ་སྟེ་སོ་བ་ནང་ཆུ་གློག་ས་ཚུགས་ཀྱི་འཕྲུལ་ཚན་གསུམ་པ(འཕྲུལ་ཚན་ཨང་གཉིས་པ)ཆུ་ཚོད72རིང་ལ་ཚོད་ལྟ་འཁོར་སྐྱོད་བདེ་བླག་ངང་ཐུབ་ནས་ཐོན་སྐྱེད་གློག་འདོན་དངོས་སུ་བྱེད་འགོ་བཙུགས་པ་དང་། དུས་ཚིགས་ཀྱི་མ་དངུལ་འཇོག་ཐེངས་གསུམ་པའི་དམིགས་འབེན་གྲུབ་པ་དང་གློག་གི་སྟོབས་ཤུགས་གསར་པ་བསྣན་པ་རེད།

     སོ་བ་ནང་ཆུ་གློག་ས་ཚུགས་ནི་རང་ཁུལ་གྱི་འབའ་ཐང་རྫོང་དང་བོད་ལྗོངས་སྨར་ཁམས་རྫོང་གི་འབྲེལ་མཚམས་ཀྱི་འབྲི་ཆུར་གནས་ཡོད་ཅིང་། འཕྲུལ་འཁོར་ནས་གློག་འདོན་ཚད་སྟོང་ཝ་ས་ཡ1དང་འབུམ2ཡིན་ལ། འབྲི་ཆུའི་སྟོད་རྒྱུད་ཀྱི་ནུས་ཁུངས་གཙང་མའི་རྟེན་གཞིའི་ལས་འགོ་ཐོག་མར་འཛུགས་པ་དང་གློག་ཐོག་མར་འདོན་པའི་ལས་གཞི་ཡིན་ཞིང་། འཕྲུལ་ཚན་རྐྱང་པར་གློག་ཤོང་ཚད་སྟོང་ཝ་འབུམ30ཡིན་པའི་ལངས་མདའ་འདྲེས་རྒྱུག་ཅན་གྱི་འཕྲུལ་ཚན་ཁྱོན་བསྡོམས4ཡོད་སྒྲིག་སྦྱོར་བྱས་ཡོད་ཅིང་། དེའི་ནང་དུ་འཕྲུལ་ཚན་ཨང4པ་དང་ཨང3པ་ནི་ད་ལོའི་སྤྱི་ཟླ7པའི་ཚེས19དང་སྤྱི་ཟླ8པའི་ཚེས25ཉིན་ལ་གློག་བཏོན་ཡོད།

     འཕྲུལ་ཚན་ཨང་གཉིས་པ་ནི་སོ་བ་ནང་ཆུ་གློག་ས་ཚུགས་ཀྱི་ཐོན་སྐྱེད་གློག་འདོན་གྱི་འཕྲུལ་ཚན་གསུམ་པ་ཡིན། ད་ལོའི་སྤྱི་ཟླ6པའི་ཚེས9ཉིན་ལ་དཔྱངས་སྒྲིག་བྱས་ཤིང་སྤྱི་ཟླ9པའི་ཚེས25ཉིན་ལ་ཆུ་ཚོད72རིང་ལ་ཚོད་ལྟ་འཁོར་སྐྱོད་བྱས་ཡོད། དེའི་རིང་ལ་རིམ་རྩིས་བྱས་ན་གློག་དྲྭ་ལ་ཆུ་ཚོད་རེར་གློག་སྟོང་ཝ་བྱེ་བ2དང་ས་ཡ5འབུམ8བཏང་ཡོད། ཚོད་ལྟའི་མཇུག་འབྲས་ལས་འཁོར་སྐྱོད་བརྟན་པོ་ཡིན་ལ་དཔྱད་གྲངས་ཁག་སྤུས་དག་ཅིང་འདར་གཡུག་དཔྱད་གྲངས་ནི་རྒྱལ་ནང་གི་འཕྲུལ་ཚན་རིགས་འདྲ་བའི་མདུན་གྲས་སུ་སླེབས་ཡོད།

     སོ་བ་ནང་ཆུ་གློག་ས་ཚུགས་ཀྱིས་རིམ་རྩིས་བྱས་ན་གློག་ཤུགས་གཙང་མ་ཆུ་ཚོད་རེར་སྟོང་ཝ་དུང་ཕྱུར6གཏང་ཐུབ་ཅིང་། དུད་ཚང་འབུམ1དང་ཁྲི6ལྷག་གི་ལོ་གཅིག་གི་གློག་སྤྱད་པའི་དགོས་མཁོ་བསྐངས་ཐུབ་པ་རེད།

     རྒྱུས་ལོན་བྱུང་བ་ལྟར་ན། འཕྲུལ་ཚན་མཐའ་མའི་སྒྲིག་སྦྱོར་ཚོད་ལྟ་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་ལ། འདི་ལོའི་ནང་ཚུད་དུ་ཐོན་སྐྱོད་གློག་འདོན་བྱ་ཐུབ་རེ་ཡོད་པ་རེད།

     སོ་བ་ནང་ཆུ་གློག་ས་ཚུགས་བསྐྲུན་རྗེས། ལོ་རེ་ལ་གློག་འདོན་ཚད་ཆུ་ཚོད་རེ་ལ་སྟོང་ཝ་དུང་ཕྱུར55གཏོང་ཐུབ་ཅིང་། དེ་ནི་ལོ་རེ་ལ་རྡོ་སོལ་ཏུན་ས་ཡ1དང་འབུམ8བསྲི་ཐུབ་པ་དང་འདྲ་ཞིང་། དབྱང་གཉིས་སོལ་འགྱུར་ཏུན་ས་ཡ4དང་འབུམ3འབུད་མི་དགོས་པ་བྱེད་ཐུབ་ཅིང་། ཐཱན་སྙོམས་འགྱུར་དང་ཐཱན་ཚད་ལོན་གྱི་དམིགས་འབེན་འགྲུབ་པར་སྐུལ་ཤུགས་ཆེན་པོ་ཐེབས་ཐུབ་པ་རེད།།


ཐུབ་ཀྱིས་བསྒྱུར།

རྩོམ་སྒྲིག་པ། མགར་རྒྱལ་སྲས།



  • ལེ་ཚན་སྔོན་མ།:སི་ཁྲོན་གྱི་གཟུགས་མེད་རིག་གནས་ཤུལ་བཞག་གི་མི་སྣ་བསྡུ་འགོ་བཙུགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།