སློབ་ཆུང་སློབ་མའི་རྩོམ་ཡིག་འབྲི་ཐབས་སྐོར་ལ་དཔྱད་པ།

ཐང་བདེ་གཡང་།        2022-09-26

བོད་ཀྱི་ས་ཕྱོགས་སོ་སོའི་སློབ་ཆུང་དུས་ཀྱི་རྩོམ་ཡིག་འབྲི་སྦྱོང་ལ་དོ་སྣང་མེད་པ་དང་། འགའ་རེས་དོ་སྣང་བྱེད་བཞིན་ཡོད་ཀྱང་འབྲས་བུ་ཕུན་སུམ་ཚོགས་པ་འབྱུང་བཞིན་མེད། དེའི་ཕྱིར་ཐེངས་འདིར་ཆེད་དམིགས་ཀྱིས་རྩོམ་ཡིག་འབྲི་ཐབས་འདིའི་སྐོར་ལ་ཞིབ་འཇུག་ནན་མོ་བྱས་ནས་བྲིས་པ་ཡིན།

བརྡ་ཆད་གཙོ་བོ།

སློབ་ཆུང་། ལོ་རིམ་གསུམ་པ། ལོ་རིམ་བཞི་པ། རྩོམ་ཡིག་འབྲི་ཐབས།

དུས་རབས་གསར་བའི་ནང་གི་འཛམ་གླིང་རང་བཞིན་གྱི་སློབ་གསོའི་འཕེལ་རྒྱས་ལ་མནོ་བསམ་བཏང་ན་བློ་ཡུལ་ལས་འདས་པ་ཞིག་ཡིན་མོད། འོན་ཀྱང་མིག་རྒྱང་ཐུང་དུ་བཏང་ནས་ཉེ་འཁོར་གྱི་སློབ་གསོའི་གནས་བབ་ལ་བསམ་གཞིག་བྱས་ན། ཤིན་ཏུ་སྐྱོ་བའི་གནས་ཚུལ་མང་ལ་ཁྱིམ་མཚེས་མི་རིགས་དག་གི་སློབ་གསོ་དང་བསྡུར་ཐབས་བྲལ་བའི་རང་མི་རིགས་ཀྱི་སྣང་ཚུལ་རེ་འགས་རང་ཉིད་ལའང་གཟུགས་མེད་ཀྱི་ཚོར་བ་ལྷག་མ་ཞིག་སྤྲད་བྱུང་། རང་ཉིད་ཀྱང་དགེ་རྒན་ཞིག་ཡིན་པའི་ངོས་ནས་སློབ་གསོའི་སྡེ་ཁག་གི་བར་སྟོང་གི་ཆ་འདི་དག་ཅི་ནུས་ཀྱིས་བསྐང་བར་འདོད།

གཅིག ཅི་ཞིག་གིས་རྩོམ་ཡིག་འབྲི་བར་ནུས་པ་ཐོན་ཐུབ།

ནམ་རྒྱུན་དགེ་རྒན་རྣམས་ཀྱི་རེ་བ་ནི་རང་གི་སློབ་མས་རྩོམ་ཡིག་ལེགས་པོ་ཞིག་འབྲི་ཐུབ་པ་དེ་ཡིན་ཕྱིར། སྐད་ཡིག་དགེ་རྒན་རྣམས་ཀྱིས་དུས་རྒྱུན་སློབ་མར་རྩོམ་ཡིག་འབྲི་བའི་ལས་བྱ་མང་པོ་འཇོག་སྲིད། དགེ་རྒན་ལ་ལས་ཉིན་རེར་ཉིན་ཐོ་འབྲི་རུ་འཇུག་ལ། སྡེ་ཚན་རེ་རེ་བཞིན་རྩོམ་ཡིག་འབྲི་སྦྱོང་བྱེད་དུ་འཇུག། འཛིན་གྲྭ་གཅིག་ལ་མཚོན་ན། སློབ་མའི་ན་ཚོད་དང་རིག་གནས་ཀྱི་ཆུ་ཚོད། དགའ་ཕྱོགས་སོགས་མི་འདྲ་བའི་སློབ་མ་རྣམས་ལ་དགེ་རྒན་གྱིས་རང་གི་འདོད་མོས་ཀྱི་རྩོམ་ཡིག་ཅིག་གི་ཁ་བྱང་གཏན་ཁེལ་བྱས་ན། འཛིན་གྲྭ་དེའི་སློབ་མ་མང་ཕྱོགས་ཀྱིས་དགེ་རྒན་གྱི་རེ་བ་བསྐངས་ཐུབ་པ་ཞིག་འབྲི་མི་ཐུབ་ལ། ལྡོག་སྟེ་སློབ་མ་རྩོམ་ཡིག་འབྲི་བར་མི་དགའ་བའི་ཤུགས་རྐྱེན་ཆགས་སུ་འཇུག་སྲིད། དེའི་ཕྱིར་ཐོག་མར་དགེ་རྒན་གྱིས་སློབ་མ་རྣམས་རྩོམ་ཡིག་འབྲི་བར་དགའ་བའི་འདུ་ཤེས་སྐྱེད་སྲིང་བྱ་རྒྱུ་གལ་འགངས་ཤིན་ཏུ་ཆེ།

གཉིས། ཇི་ལྟར་བྱས་ན་སློབ་ཆུང་དམའ་རིམ་འཛིན་གྲྭའི་སློབ་མས་རྩོམ་ཡིག་འབྲི་ཐུབ།

༡ གཏམ་བརྗོད་ཀྱི་ནུས་པ་གོང་སྤེལ་བྱ་དགོས།

ཁྱིམ་བདག་དང་དགེ་རྒན་གྱིས་ཆུང་དུས་ནས་བྱིས་པར་མགོ་མཇུག་ཚང་བའི་སྐད་ཆ་བཤད་པར་སྦྱོང་བརྡར་བྱ་དགོས་ལ། ལོ་རིམ་དང་པོ་ནས་བཟུང་དགེ་རྒན་གྱིས་སློབ་མར་ངག་ཐོག་ནས་བརྗོད་པ་བཟོ་བའི་རེ་བ་བྱ་དགོས། སློབ་མས་ཁྱིམ་དང་སློབ་གྲྭའི་ཁོར་ཡུག་ནས་བྱུང་བའི་དོན་དག་རྣམས་མགོ་མཇུག་ཚང་བའི་ངང་བཤད་ཤེས་ཤིང་། སློབ་དེབ་ཏུ་བཀོལ་བའི་ཐ་སྙད་རྣམས་བེད་སྤྱད་དེ་སྐད་ཆ་ལེགས་པོ་བཤད་ཐུབ་ན་དེ་ནི་རྗེས་མའི་རྩོམ་ཡིག་འབྲི་བ་དང་འབྲེལ་བ་དམ་ཟབ་ཡོད།

༢ ལྟ་ཞིབ་ཀྱི་ནུས་པ་གོང་སྤེལ་བྱ་དགོས།

དེ་ལྟར་ཐོག་མའི་རྨང་གཞི་སྔོན་དུ་སོང་རྗེས་དགེ་རྒན་གྱིས་རི་མོར་བལྟས་ནས་སྐད་ཆ་བཤད་པར་སྦྱོང་བརྡར་བྱ་དགོས་ལ། སྐབས་དེར། སློབ་མས་ཅི་བྱུང་གང་བྱུང་དུ་སྐད་ཆ་བཤད་མི་རུང་བར། རི་མོར་ལྟ་ཞིབ་བྱས་ཏེ་ནང་དོན་ལ་བསམ་གཞིག་བཏང་ནས་སྐད་ཆ་བཤད་དགོས་པས། སློབ་མའི་ལྟ་ཞིབ་ཀྱི་ནུས་པ་དང་བསམ་གཞིག་གི་ནུས་པ་ཡང་གོང་དུ་སྤེལ་དགོས། རི་མོར་བལྟས་ནས་མཐོང་སྣེ་གང་དག་གཙོ་བོར་འཛིན་སྟངས་དང་སྐད་ཆའི་གོ་རིམ་སྒྲིག་ལུགས་སོགས་ལ་དོ་སྣང་བྱས་ནས་སློབ་མས་རི་མོར་བལྟས་ནས་སྐད་ཆ་བཤད་ཤེས་པར་བྱས་ན། དེ་ནི་མ་འོངས་པར་རྩོམ་ཡིག་འབྲི་སྐབས་བྱ་དངོས་ལ་ཞིབ་ལྟ་བྱེད་ཤེས་པ་དང་མཐོང་སྣེ་གཙོ་བོར་འཛིན་ཐབས་ཤེས་པའི་ཐབས་ལམ་ཉག་གཅིག་ཡིན།

༣ ཡིད་ཆེས་ཀྱི་ནུས་པ་གོང་སྤེལ་བྱ་དགོས།

སློབ་མས་རང་བཞིན་གྱི་སྐད་ཆ་བཤད་པའམ་ཡང་ན་རི་མོར་བལྟས་ནས་སྐད་ཆ་བཤད་པ་སོགས་ལ་མི་འདང་བའི་ཕྱོགས་ཤིན་ཏུ་མང་བ་ནི་སྨྲོས་མ་དགོས་པས། དགེ་རྒན་གྱིས་དེ་ལ་མཐོང་ཆུང་དང་ཟུར་ཟ། སྡིགས་མོ་བྱས་ན་སློབ་མ་དེ་ཚེ་གཅིག་ལ་རྩོམ་ཡིག་འབྲི་བར་མི་དགའ་བའི་ཤུགས་རྐྱེན་ངན་པ་ཆགས་སུ་འཇུག་སྲིད་པས། དགེ་རྒན་གྱིས་སློབ་མའི་སྐད་ཆའི་ཁྲོད་ཀྱི་ལེགས་ཆ་རྣམས་འཚོལ་ཅི་ཐབས་བྱས་ནས་གཙིགས་ཆེན་དུ་བཟུང་ནས་བརྗོད་དགོས་ལ། སྐྱོན་ཆ་རྣམས་དོན་ཕལ་བའི་སྒོ་ནས་གསལ་འདེབས་བྱ་དགོས། དེ་ལྟར་སློབ་མའི་ཡིད་ཆེས་ཀྱི་ནུས་པ་གོང་དུ་སྤེལ་ནུས་ན། ནམ་ཞིག་གི་ཚེ་ན་སློབ་མས་དགེ་རྒན་གྱི་འདོད་བློ་སྐོང་ཐུབ་པའི་རྩོམ་ཡིག་ཅིག་འབྲི་ཐུབ་ངེས།

གསུམ། ཅིའི་ཕྱིར་སློབ་ཆུང་གི་དུས་ནས་རྩོམ་ཡིག་འབྲི་བར་སྦྱོང་བརྡར་བྱ་དགོས།

ས་པཎ་གྱིས་རིག་པ་གཞོན་པའི་དུས་སུ་སློབ།། བ་ནི་དགུན་གྱི་དུས་སུ་གསོས།། ཞེས་པ་ལྟར། རིག་པ་གང་ཞིག་བསླབ་ཀྱང་ན་ཚོད་གཞོན་དུས་ནས་མགོ་བརྩམ་དགོས་པ་བཞིན། རྩོམ་ཡིག་འབྲི་སྦྱོང་བྱེད་པའང་ཆུང་དུས་ནས་མགོ་བརྩམ་དགོས་ལ། བྱིས་པས་ཆུང་དུས་ནས་སྐད་ཆ་མགོ་མཇུག་ཚང་བ་འཆད་ཤེས། བྱ་དངོས་གང་ལའང་ཞིབ་ལྟ་བྱེད་ཤེས་ན་ན་ཚོད་དང་མཉམ་དུ་བསམ་བློའི་གོ་རྟོགས་ཀྱང་ནར་སོན་ཐུབ་པས། མ་འོངས་པར་རྩོམ་པ་པོ་ཞིག་ཏུ་འགྱུར་ཐུབ་པའི་རེ་བ་ཆེ།

བཞི། རྩོམ་ཡིག་འབྲི་སྐབས་གང་དག་ལ་དོ་སྣང་བྱ་དགོས།

རྩོམ་ཡིག་འབྲི་སྐབས་ཐོག་མར་གང་ཞིག་བྲི་དགོས་པ་གཏན་ཁེལ་ལེགས་པོ་བྱ་དགོས། སློབ་མ་ལ་ལས་སེམས་སུ་རྩོམ་ཡིག་འབྲི་འདོད་ཤིན་ཏུ་ཆེ་ལ། འབྲི་བར་ཡང་དགའ་མོད། འོན་ཀྱང་ཅི་ཞིག་འབྲི་བ་གཏན་ཁེལ་བྱེད་མ་ཐུབ་ཚེ་འབྲི་བར་འདོད་པའི་སྤོབས་སེམས་སམ་ངར་ཤུགས་ཏེ་ཡལ་རྗེས་ཡང་བསྐྱར་འབྲི་བའི་སེམས་ཤུགས་ཉམས་འགྲོ།

སློབ་མས་རྩོམ་ཡིག་འབྲི་སྐབས་བྲི་བྱའི་ཡིག་ཚོགས་ཀྱི་མང་ཉུང་མི་གཙོ་བརྗོད་སྙིང་གཙོ་བའི་གནས་ལུགས་ཤེས་དགོས། དཔེར་ན། ཉེ་ལམ་དྲྭ་ལམ་དུ་སློབ་ཆུང་སློབ་མ་ཞིག་གི་བྲིས་པའི་རྩོམ་ཡིག་ཅིག་ཀློག་གྲངས་ཤིན་ཏུ་མང་པོར་གྱུར་ནས་རྒྱལ་ནང་ནས་མཚན་སྙན་རབ་ཏུ་རྒྱས་པ་དེ་དཔེ་མཚོན་དུ་དྲངས་ན།

དྲོ་དྲགས་སོང་།

བདག་གིས་མི་གཉིས་ལ་བཀའ་དྲིན་ཞུ་འོས། དེ་ནི་དེ་རིང་བདག་གསོན་ཐུབ་པས་ཡིན། གཅིག་ནི་ཨ་རིའི་ཝེ་ཉི་སི་ཁེ་རུ་ཡིན། ཁོས་དྲོད་སྙོམ་ཆས་གསར་བཟོ་བྱས་ཡོད། ཅིག་ཤོས་ནི་ཀྲུང་གོའི་ཧི་ཡེ་ཡིན། ཁོས་དགུང་གི་ཉི་མ་དགུ་གཏོར་ཡོད།

གལ་ཏེ་ཁོང་གཉིས་མེད་ན། ང་ཚོ་དྲོས་ནས་འཆི་ངེས། ནམ་རྒྱུན་མི་རྣམས་ཀྱིས་ཁང་བ་དང་རླངས་འཁོར་ངོམ་པ།བདེ་སྐྱིད་ངོམ་པ་སོགས་མཆིས་མོད། དེ་ནི་འཇོན་ཐང་ཞིག་གཏན་ནས་མ་རེད། གལ་ཏེ་དངོས་གནས་འཇོན་ཐང་ལྡན་ན་སྒོར་བུད་དེ་ཉི་མར་ངོམ་རོགས།

དེ་རིང་ད་གཟོད་བདག་གིས་རང་ཉིད་ཕམ་བྱེད་ནི་དྭངས་གཙང་གི་བསམ་བློ་དེ་མིན་པར། ཉི་མ་དྲོ་དྲགས་པ་དེ་རེད་འདུག།

མཐར། བདག་གིས་རྩོམ་ཡིག་འཆོས་མཁན་གྱི་དགེ་རྒན་ལ། དེ་རིང་གནམ་གཤིས་དྲོ་བས།། ཚ་བར་དོགས་ཟོན་གནང་རོགས།། གང་ཞིག་བསིལ་འཇམ་ལྡན་ན།། དེ་རུ་སྐུ་ངལ་གསོ་རོགས།། ཞེས་པ་ནི་སློབ་མ་ཞིག་གིས་རྒྱ་ཡིག་གི་བྲིས་པའི་རྩོམ་ཐུང་ཞིག་ཡིན།

གོང་གི་དཔེ་བརྗོད་ལྟར་བྱིས་པས་རྩོམ་ཡིག་འབྲི་སྐབས་ངེས་པར་དུ་འཚོ་བ་དང་ཁ་ཐག་ཉེ་བ་བྲི་དགོས་པས། དགེ་རྒན་གྱིས་ལས་བྱ་འཇོག་སྐབས་ཀྱང་གནད་དོན་དེ་སེམས་ནས་བརྗེད་མི་རུང་ལ། ད་དུང་བྲི་བྱའི་རྩོམ་ཡིག་དེ་ལ་རྒྱུ་ཆ་འཚོལ་བསྡུ་བྱེད་པའི་རམ་འདེགས་བྱ་དགོས།

རྩོམ་ཡིག་གང་ཞིག་འབྲི་སྐབས་ཡིག་ནོར་ལའང་ཤིན་ཏུ་གཟབ་དགོས་ཏེ། རྩོམ་ཡིག་ཅིག་ལེགས་འགྲུབ་བྱུང་རྗེས་རྩོམ་པ་པོས་མ་མཐའ་ཡང་ཐེངས་གསུམ་ལ་བཀླགས་རྗེས་གཟོད་དགེ་རྒན་ལ་སྤྲད་དེ་བཅོས་སུ་འཇུག་དགོས། དགེ་རྒན་གྱིས་འཆོས་པའི་སྐབས་བརྗོད་བྱའི་དོན་གཙོ་སྙིང་དུ་བཟུང་ནས་འཕྲི་སྣོན་དང་བཅོས་སྒྲིག་བྱས་དགོས་པ་ལས། སློབ་མའི་རྩོམ་ཡིག་གི་བརྗོད་སྙིང་བཅོས་ཏེ་དགེ་རྒན་རང་ཉིད་ཀྱིས་བརྗོད་སྙིང་གསར་བ་ཞིག་བཏོན་མི་རུང་།

སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་བྲག་འགོ་རྫོང་ལི་སྨད་སློབ་ཆུང་། ཐང་བདེ་གཡང་།

炉霍县下罗科马乡小学   唐邓勇

  • ལེ་ཚན་སྔོན་མ།:མིང་ཚིག་ཡི་གེ་གསུམ་དུ་ཕྱེ་བའི་ཡི་གེའི་ངོ་ བོ་མདོར་ཙམ་གླེང་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།