བཀྲ་བྷོ། 2022-09-16
དམངས་ཁྲོད་ཀྱི་རྩེད་འཇོའི་རོལ་རྩེད་ནི་དམངས་ཁྲོད་སྲོལ་རྒྱུན་རིག་གནས་ཁྲོད་མེད་དུ་མི་རུང་བའི་ནང་དོན་ཞིག་ཡིན། དེས་མི་དམངས་མང་ཚོགས་ཀྱི་འཚོ་བའི་བརྒྱུད་རིམ་ཁྲོད་གོ་གནས་ཀྱང་གལ་ཆེན་ཞིག་ཟིན་ཡོད། བོད་རིགས་མི་དམངས་ཀྱི་དམངས་ཁྲོད་རྩེད་འཇོའི་རོལ་རྩེད་དེའང་མི་རིགས་དང་རྒྱལ་ཁབ་གཞན་དག་དང་འདྲ་བར་དམངས་སྲོལ་བྱ་བའི་སྣང་ཚུལ་ཞིག་ཡིན་པར་མ་ཟད། རང་ཉིད་ཀྱི་ཁྱད་ཆོས་ཅན་དུ་གྱུར་འདུག་པ་གཤམ་གསལ་ལྟར་ཏེ།
༡.སྤྲོ་གསེང་རང་བཞིན་དང་རྩལ་འགྲན་རང་བཞིན།
རྩེད་འཇོ་དང་རྩལ་འགྲན་གྱི་རྩ་བའི་རང་བཞིན་ནི་སྤྲོ་གསེང་རང་བཞིན་ཡིན་ལ། རྩེད་འཇོའི་རིགས་དག་ཐོག་མར་བྱུང་བའི་དུས་སུ་ཆོས་ལུགས་དང་། དམག་དོན། ལུས་རྩལ་སོགས་དོན་དངོས་ཀྱི་ཆ་དང་ལྡན་གཤིས། རྩེད་འཇོའི་རང་བཞིན་ཞིག་གཏན་ནས་མིན་ཏེ། དཔེར་ན། སྟོན་ཀ་ཤོག་བྱ་གཏོང་བ་བྱ་འཕུར)ནི་ཐོག་མའི་དུས་སུ་མི་རྣམས་ཀྱིས་རང་ཉིད་ཀྱི་ལུས་སྟེང་གི་མནོལ་གྲིབ་ཕྱིར་ཕུད་པའི་ཆོས་ལུགས་ཀྱི་ནང་དོན་ལྡན་པའི་ཁྱིམ་ཕྱིའི་བྱེད་སྒོ་ཞིག་ཡིན་ལ། སྐབས་དེར་ད་དུང་རྩེད་འཇོ་མིན། རིམ་གྱིས་རྩེད་འཇོ་ནི་སྤྱི་ཚོགས་འཚོ་བའི་སྟེང་མིའི་རིགས་ཀྱི་ལུས་སེམས་སྙོམ་སྒྲིག་གི་རིག་གནས་འཚོ་བའི་དགོས་མཁོ་ཞིག་ཏུ་གྱུར་བར་བརྟེན་ཤོག་བྱ་གཏོང་བའི་ནང་དོན་ལའང་འགྱུར་ལྡོག་བྱུང་སྟེ། སྤྲོ་གསེང་གི་རྣམ་པ་ཅན་དུ་གྱུར་པ་ལྟ་བུ་རེད། དེ་ནི་སྤྲོ་གསེང་གི་རྩེད་འཇོ་བྱུང་བའི་སྔོན་འགྲོའི་ཆ་རྐྱེན་ཞིག་ཀྱང་རེད། རྩེད་འཇོ་དང་སྤྲོ་གསེང་ལ་དགའ་བའི་མི་རྣམས་ཀྱི་འཚོ་བར་སྤྲོ་སྣང་སྣོན་པར་མ་ཟད། སྤྲོ་གསེང་དང་ལྡན་པའི་སྒོ་ནས་སློབ་གསོའི་བྱེད་སྒོ་མང་པོ་ཞིག་ལའང་ཤུགས་སྣོན་རྒྱག་ཐུབ། རྩེད་འཇོའི་སྤྲོ་གསེང་ནི་འགྲོ་བ་མིའི་རིགས་ལ་མཁོ་ཞིང་འཚམ་ལ། ལྷག་པར་དུ་ལོ་ཆུང་བྱིས་པ་རྣམས་ཀྱི་ལྷན་སྐྱེས་ཀྱི་རང་བཞིན་དང་མཐུན་ཞིང་འཕྲོད་པས་སེམས་ཁམས་དང་ལུས་སྟོབས་ཟུང་བཀག་རྒྱ་མེད་པའི་སྒོ་ནས་འཕེལ་རྒྱས་བྱུང་། སྤྱི་ཚོགས་སྟེང་གི་རྒན་དར་གཞོན་གསུམ་ཚང་མའི་བློ་ཁ་གཅིག་སྒྲིལ་དང་ཕན་ཚུན་འབྲེལ་འདྲིས་ལའང་ཕན་ནུས་ཤིན་ཏུ་ཆེ་སྙམ། དེ་ནི་མི་རྣམས་ངལ་གསོའི་སྐབས་ཀྱི་འཚོ་བའི་བྱེད་སྟངས་ཤིག་རེད། བྱེད་སྒོ་དེ་དག་གི་ཁྲོད་མི་རྣམས་ཀྱིས་རང་དབང་དང་ལྡན་པའི་སྒོ་ནས་རང་ཉིད་ཀྱི་ནུས་སྟོབས་དང་བློ་རིག་སྔོག་འདོན་བྱེད་ཐུབ་པར་མ་ཟད་འཇིག་རྟེན་འཚོ་བ་ལ་ཡིད་ཆེས་དང་མི་ཚེ་ལ་སྤྲོ་སྣང་གསར་པ་འཕེལ་ཐུབ། མདོར་ན། སྤྲོ་གསེང་ནི་རྩེད་འཇོའི་རྣམ་ཤེས་རེད་ལ་སྤྲོ་གསེང་མེད་ན་རྩེད་འཇོའང་ཡེ་ནས་ཡོད་མི་སྲིད་པས། བོད་ཀྱི་དམངས་ཁྲོད་རྩེད་འཇོ་སྣ་ཚོགས་ལ་སྤྲོ་གསེང་རང་བཞིན་ངེས་ཅན་ལྡན་ནོ།།
རྩལ་འགྲན་རང་བཞིན་ཟེར་བ་ནི་གཙོ་བོ་རྩེད་འཇོའི་སྤྲོ་གསེང་གི་བྱེད་སྒོར་འདུ་བའི་རྩལ་འགྲན་གྱི་སེམས་ཁམས་ཏེ་རྒྱལ་ཕམ་རྩོད་པའི་སེམས་ཁམས་ལ་བརྟེན་ནས་བཤད་པ་ཡིན། དེ་བས་རྩེད་འཇོའི་སྤྲོ་གསེང་གི་བྱེད་སྒོར་ཚད་གཞི་འདྲ་མིན་སྣ་ཚོགས་ཡོད་པ་མ་གཏོགས་རྩལ་འགྲན་གྱི་སེམས་ཁམས་མེད་པ་ཞིག་ཡོད་མི་སྲིད་དེ། ལུས་ཤུགས་རྩེད་འཇོ་དང་རིག་པའི་རྩེད་འཇོ། གཞན་ད་དུང་སྒྱུ་རྩལ་དང་ཐབས་རྩལ་འགྲན་པ་སོགས་ཚང་མར་རྒྱལ་ཕམ་རྩོད་རྒྱུ་ནི་རང་ཤུགས་སུ་བྱུང་བའི་འདུ་ཤེས་ཤིག་རེད། རྩེད་འཇོ་ཁྲོད་ཀྱི་རྩལ་འགྲན་རང་བཞིན་གྱིས་འགྲན་བསྡུར་བ་རྣམས་ལ་ཁྱོད་དང་ང་། བདག་དང་གཞན་གྱི་མིང་བརྡའི་གོ་དོན་གྱི་ཐོག་ནས་རྩལ་འགྲན་དུ་ཞུགས་པའི་འདུ་ཤེས་བྱུང་ལ། དེ་དང་ཆབས་ཅིག་ཏུ་རང་ཉིད་ཀྱི་སེམས་ཤུགས་ལ་སྦྱོང་བརྡར་དང་བློ་སྒོ་འབྱེད་རྒྱུར་ནུས་པ་ཐོན་གྱི་ཡོད། རྩལ་འགྲན་གྱི་ཆ་ཡོད་ཀྱང་དོན་ལ་དེ་ནི་དམངས་ཁྲོད་རྩེད་འཇོ་ལགས་པས། འགྲན་བསྡུར་ཁྲོད་སྤྲོ་སྣང་གི་སེམས་ཁམས་ཀྱང་ཐོག་མཐའ་བར་གསུམ་དུ་གནས་ཡོད། ཡིན་ནའང་སྐབས་དེར་གཙོ་བོ་རྩལ་འགྲན་བྱེད་པ་ཡིན་པས་དེ་ལས་ལྡོག་སྟེ་ཕ་རོལ་པོ་ཁོ་ན་རྒྱལ་བར་བཅུག་ན་རྩེད་འཇོ་ཡི་འགྲན་བསྡུར་རང་བཞིན་བོར་ཞིང་སྤྲོ་གསེང་རང་བཞིན་དང་སློབ་གསོའི་རང་བཞིན་ཡང་བོར་བརླགས་སུ་བཏང་བ་ལྟ་བུ་རེད།
དེ་བཞིན་བྱིས་པའི་རྩེད་འཇོའི་ཁྲོད་ཀྱི་འདག་པའི་རྩེད་འཇོ་དང་། ཐེབས་པད་ཀྱི་རྩེད་འཇོ། ཕ་རྡོའི་རྩེད་འཇོ། འབའ་རྡེའུ་རྩེད་འཇོ། ཐེ་ཀེའི་རྩེད་འཇོ་ཨ་ཅུག་སོགས་སུའང་འགྲན་བསྡུར་གྱི་འདུ་ཤེས་མ་འདྲེས་པ་གཅིག་ཀྱང་མེད་ལ། གཞན་བྱིས་པའི་རྩེད་འཇོའི་ཁྲོད་དུ་ད་དུང་རང་དགའ་རང་སྐྱིད་ཀྱི་ནང་དོན་ཅན་ལས་འགྲན་བསྡུར་གྱི་ཆ་མེད་པའི་རིགས་ཀྱང་རེ་གཉིས་ཡོད་དེ། དཔེར་ན། ཕ་མ་དང་བུ་ཕྲུག་ལ་དཔེ་བཞག་ནས་རྩེ་བ་དང་། རྒྱལ་པོ་དང་བློན་པོ་ལ་དཔེ་བཞག་ནས་རྩེ་བ་ལྟ་བུའོ།།
༢.གྲལ་རིམ་གྱི་རང་བཞིན་དང་ལུས་རྟེན་གྱི་ཁྱད་པར་རང་བཞིན།
རྩེད་འཇོའི་སྤྲོ་གསེང་གི་ཁྱད་ཆོས་འདི་གཉིས་ནི་སྤྱི་ཚོགས་ཀྱི་རིམ་པ་མི་འདྲ་བ་དང་། མིའི་རིགས་ཀྱི་རྒན་དར་གཞོན་གསུམ་དང་ཕོ་མོའི་ལུས་རྟེན་གྱི་ཁྱད་པར་ལ་བལྟོས་ནས་བརྗོད་པ་ཞིག་ཡིན། དེའང་སྤྱི་ཚོགས་ཀྱི་མ་ལག་ཧྲིལ་པོར་མཐོ་དམན་རབ་འབྲིང་གི་སྒྲིག་གཞི་ནི་མཆོད་རྟེན་གྱི་བང་རིམ་བཞིན་ཆགས་ཡོད་པས་ན། སྤྱི་ཚོགས་འཚོ་བ་ལའང་དེར་མཐུན་གྱི་མཐོ་དམན་རིམ་པ་དང་ཁྱད་པར་ཤོར་ངེས་རེད། རྩེད་འཇོའི་སྤྲོ་གསེང་ནི་མིའི་རིགས་ཀྱི་རིག་གནས་ཀྱི་འཚོ་བའི་གྲུབ་ཆ་གཙོ་བོ་ཞིག་ཡིན་ཕྱིར། སྤྱི་ཚོགས་ཀྱི་རིམ་པ་སོ་སོའི་འཚོ་བའི་དགོས་མཁོ་དང་ཡང་མངོན་གསལ་དུ་མཐུན་པ་སྟེ། རྒྱལ་པོའི་ཕོ་བྲང་དུ་གཟབ་རྒྱས་ཀྱི་འཚོ་བ་དང་འབྱོར་ཕྱུག་གི་ཁོར་ཡུག།གུས་ལུགས་ཀྱི་ཞབས་ཏོག་དང་སོས་དལ་བག་ཕེབས་ཀྱི་དུས་ཚོད་སོགས་དང་མཐུན་པའི་རྩེད་འཇོ་ཡོད་ལ། ཤེས་ཡོན་ཅན་ལ།བབ་ཆགས་དང་ཡ་རབས་ཀྱི་འཚོ་བའི་ཁོར་ཡུག་དང་འཚམ་པའི་ཡིག་རིགས་ཀྱི་རྩེད་འཇོ་དང་བློ་རིག་གི་རྩེད་འཇོ་སོགས་ཡོད་པ་ལྟར། དམག་མི་དང་ཞིང་པ་སོགས་ལའང་རང་རང་གི་འཚོ་བའི་ཁོར་ཡུག་དང་མཐུན་པའི་རྩེད་འཇོ་རེ་ཡོད་དོ།།
དེ་འདྲའི་རྐྱེན་སྣ་ཚོགས་ལ་བརྟེན་ནས་རྩེད་འཇོ་ལའང་རང་གར་བའི་ཁྱད་ཆོས་མངོན་གསལ་ཡོད་དེ། གྲོང་ཁྱེར་དུ་མིག་མངས་འགྲན་བསྡུར་དང་། རྒྱན་དང་ཤོ་རྒྱག། བྱ་འཛིང་རྒྱལ་འཇོག། སྤོ་ལོ་འགྲན་བསྡུར་སོགས་སྐབས་འཚོལ་འགྲན་རྒོལ་རང་བཞིན་ཅན་གྱི་རྩེད་འཇོ་དང་། གཞན་ད་དུང་སྒྱུ་མའི་གར་དང་། ཁམས་བདེ་ཞབས་བྲོ། གྲི་རྩེད། རོལ་མོའི་སྤྲོ་ཚོགས་བཅས་མིའི་ལུས་སེམས་ཀྱི་སུན་སྣང་དང་ངལ་དུབ་སེལ་བའི་རྩེད་འཇོའི་རོལ་རྩེད་ཡོད་ལ། ཞིང་གྲོང་དུ་རྩེད་ར་ལ་ངེས་གཏན་མེད་པར་སྟབས་བདེའི་སྒོ་ནས་འཇུ་རེས་རྒྱག་པ་དང་། བྱེ་སྒྱེ་དང་རྡོ་རིལ་འགྱོགས་པ། རྟ་རྒྱུག་མདའ་འཕེན། དུས་སྟོན་གྱི་རྩེད་མོ་སྣ་ཚོགས་ཀྱི་རྩེད་འཇོ་བཅས་རང་རང་གི་འཚོ་བ་ཐད་ཀར་མཚོན་པའི་རོལ་རྩེད་ཡོད་པ་ལྟ་བུའོ།། མདོར་ན། དམངས་ཁྲོད་རྩེད་འཇོ་ནི་རིག་གནས་ཀྱི་འཚོ་བ་ཞིག་ཡིན་པས་སྤྱིར་གྲལ་རིམ་དང་རིམ་པའི་ཁྱད་པར་ཡོད་པ་ཕན་ཚུན་བསྣོལ་མར་གནས་པའི་ཆ་ཡང་ཡོད་སྲིད་པས་ར་ལུག་དང་གྲོ་ནས་བཞིན་རེ་རེར་དགར་རྒྱུ་ནི་ཅུང་དཀའ་འོ།།
རྩེད་འཇོ་སྤྲོ་གསེང་ལ་གོང་དུ་ཞུས་པའི་གྲལ་རིམ་གྱི་རང་བཞིན་ཡོད་པ་ཕུད། ད་དུང་ལུས་རྟེན་གྱི་ཁྱད་པར་རང་བཞིན་ངང་མངོན་གསལ་ལྡན་ཡོད། དེ་ནི་རྟེན་ཕོ་མོའི་ཁྱད་པར་དང་། ན་ཚོད་ཀྱི་བགྲེས་གཞོན་ལ་བལྟོས་ཏེ་བཤད་པ་ཞིག་ཡིན། སྐབས་འདིར་ཐོག་མར་ཤེས་དགོས་པ་ཞིག་ནི། རྟེན་ཕོ་མོའི་ཁྱད་པར་ལྟར་རྩེད་འཇོའི་སྤྲོ་གསེང་གི་ནང་དོན་ལའང་ཁྱད་ཤིན་ཏུ་ཆེ་སྟེ། རྟེན་ཕོ་ལ་མཚོན་ན། ཉེན་ཁ་ཅན་དང་། སྟོབས་རྩལ་འགྲན་པ། དཔའ་བོའི་སྣང་བརྙན་ཅན་ཆུ་རྐྱལ་གཡང་འཛེགས་དང་། ས་འགྱོགས་རྡོ་འགྱོགས། རྟ་རྒྱུག་མདའ་འཕེན། གྲི་འཕྱར་མདུང་གཡུག་གི་རྩེད་འཇོར་དགའ་ཞིང་། རྟེན་མོ་ལ་མཚོན་ན། ཞི་ཞིང་འཇམ་པ་དང་། དལ་ཞིང་ལྷོད་པ། བདེ་ཞིང་འཁྱུག་པ། མཛེས་ཤིང་སྡུག་པའི་མཛངས་མའི་སྣང་བརྙན་ཅན་གྱི་སྲི་ཞུ་ཞབས་ཏོག་དང་། གོས་ལིང་དར་གཡུག།འཁེལ་འཐག་གཙབ་དྲུབས། རྨ་བྱའི་འཇོ་སྒེག་གི་རོལ་རྩེད་སྟོན་པར་དགའ། གཞན་ལོ་ཚོད་ཀྱི་ཁྱད་པར་ཡང་ཤིན་ཏུ་ཆེ་སྟེ། བྱིས་པ་རྣམས་ནི་སེམས་པ་ལྷད་མེད་ཅིང་རང་ཉིད་ཀྱི་བསམ་གཞིག་ནུས་པ་ད་དུང་ཆེར་རྒྱས་མེད་པས། རྒྱུན་མཐོང་སྲོག་ཆགས་ཀྱི་སྟངས་སྟབས་དང་གཞན་གྱི་ལད་མོ་བཅས་ལ་དགའ་བས་ཤོག་བྱ་གཏོང་བའི་རྩེད་འཇོ་དང་། ཐབ་གཞིས་སྒོ་ལོགས་ཀྱི་རྩེད་འཇོ། འདག་པའི་རྩེད་འཇོ་སོགས་ལ་དགའ་ཞིང་། དར་པོ་རྣམས་ནི་ཉེན་ཁ་ཅན་དང་སྟོབས་རྩལ་འགྲན་པ་ལ་དགའ་བ་སྟེ་གོང་དུ་བཤད་ཟིན་པ་ལྟར་རོ།།
༣.ས་ཁུལ་རང་བཞིན་དང་མི་རིགས་རང་བཞིན།
དམངས་ཁྲོད་ཀྱི་རྩེད་འཇོའི་སྤྲོ་གསེང་ནི་དམངས་སྲོལ་གྱི་སྣང་ཚུལ་གཞན་དག་དང་འདྲ་བར་མངོན་གསལ་ཆེ་བའི་ས་ཁུལ་རང་བཞིན་དང་མི་རིགས་རང་བཞིན་ཆེས་ལྡན་ཡོད།དཔེར་ན་ས་ཁུལ་རང་བཞིན་ལ་ཆ་མཚོན་ན། རྩེད་འཇོའི་སྤྲོ་གསེང་ནི་ངེས་གཏན་གྱི་རང་བྱུང་ཁོར་ཡུག་གི་ཆ་རྐྱེན་འོག་བྱུང་ཞིག་ཡིན་པས། དེའི་རྩེད་སྟོན་གྱི་སྟངས་སྟབས་སྣ་ཚོགས་ནི་མི་རྣམས་ཀྱི་ཐོན་སྐྱེད་དང་། འཚོ་བ་རོལ་སྟངས། ས་ཁུལ་སོ་སོའི་ཆ་རྐྱེན་གྱི་རྐྱེན་པས་ས་ཁུལ་རང་བཞིན་གྱི་ཁྱད་ཆོས་མངོན་གསལ་དུ་ཐོན་པ་བཞིན་བོད་ཁམས་ཧྲིལ་བོར་མཚོན་ན་ས་ཁམས་རྒྱ་ཆེ་ཞིང་ཡུལ་ལུང་གི་ས་བབ་དོ་མི་མཉམ་ལ་སྡོད་དམངས་ཐ་ཐོར་ཡིན་པ་དང་། ཨ་མདོ་དང་དབུས་གཙང་གཉིས་ལ་མཚོན་ནའང་རང་བྱུང་ཁོར་ཡུག་གི་ཆ་རྐྱེན་མི་འདྲ་བར་བརྟེན་ཐོན་སྐྱེད་ཀྱི་ནང་དོན་དང་། བཟའ་བཏུང་གི་སྤྱོད་ལུགས། རྒྱན་གོས་ཀྱི་སྤྲས་ལུགས་སོགས་ཀྱང་གཅིག་ལ་གཅིག་མཚུངས་མ་ཡིན་པ་དཔེར་ན། དབུས་གཙང་རྣམས་སྒོར་གཞས་དང་། ལྷ་མོའི་ཟློས་གར་ལ་ལྟ་བ། གླིང་ཁ་གཏོང་བ། ཆང་དང་ཇ་བསྲུབས་མ་འཐུང་རྒྱུར་དགའ་ལ། བལ་རྒྱུའི་ལྭ་བ་གྱོན་ཞིང་གཡུ་འདོགས་པར་དགའ། ཨ་མདོ་བ་རྣམས་རྟ་རྒྱུག་མདའ་འཕེན་དང་། གླུ་དང་སྲིད་པ་ལེན་པ། གཞས་གཏོང་བ། ཤགས་རྒྱག་པ། འོ་ཇ་འཐུང་བ་དང་ལུག་ཤ་བཟའ་རྒྱུར་དགའ་ལ། པགས་རིགས་གྱོན་ཞིང་གློ་གྲི་འདོགས་པར་དགའ་བ། (ཁྱབ་ཆེ་ཆུང་གིས་བཤད་པ་ལས་ཅིག་ཤོས་ཀྱི་ཆ་དེ་ཅིག་ཤོས་ལ་གཏན་ནས་མེད་པ་མིན་ལྟ་བུའོ།། དེ་ནི་རང་རང་གི་ས་ཆའི་ལོ་རྒྱུས་ཀྱི་དོན་རྐྱེན་དང་ཁོར་ཡུག་གི་ཆ་རྐྱེན་ལ་འབྲེལ་བ་ཡོད་པར་མ་ཟད་དཔོན་རིགས་སྐུ་དྲག་གི་འཚོ་བའི་ཆ་དང་། དམལ་འཁྲུག་དང་དམག་མིའི་འཚོ་བའི་རིག་གནས་དང་ཡང་འབྲེལ་བ་ཤིན་ཏུ་ཆེ་སྙམ་མོ།།
གོང་དུ་བརྗོད་མ་ཐག་པའི་ས་ཁུལ་རང་བཞིན་དང་། འདིར་བརྗོད་རྒྱུའི་མི་རིགས་རང་བཞིན་གཉིས་བར་འབྲེལ་བ་ཡོད་ལ་ཁྱད་པར་ཡང་ཡོད། རང་རྐྱ་འཕེར་བའི་མི་རིགས་ཤིག་ལ་གཏན་འཁེལ་གྱི་ས་ཁུལ་ཞིག་མེད་མི་སྲིད་པ་དང་། རང་བྱུང་ཁམས་ཀྱི་ཆ་རྐྱེན་དེ་ལ་བརྟེན་ནས་ཐུན་མོང་མ་ཡིན་པའི་རང་ཉིད་ཀྱི་འཚོ་བའི་གོམས་སྲོལ་ཞིག་ཆགས་ཡོད་ངེས། འོན་ཀྱང་མི་རིགས་ཤིག་གི་རིག་གནས་ཀྱི་སེམས་ཁམས་རྒྱུད་ལ་གྲུབ་ཟིན་ན། དེར་རང་ཉིད་ཀྱི་རིག་གནས་རྒྱུན་འཛིན་དང་བརྒྱུད་སྤེལ་གྱི་སེམས་ཁམས་དང་ཀུན་སློང་ཡང་གཞན་གྱིས་གནོན་དཀའ་བ་ཞིག་གཞི་གྲུབ་ཡོད་ཕྱིར། ཁོ་ཚོ་རང་ཉིད་ཀྱི་ཐོག་མའི་འཚོ་བའི་ཁོར་ཡུག་ལས་སྤོ་འགུལ་བྱས་ཀྱང་སྔར་བཞིན་རང་མི་རིགས་ཀྱི་འཚོ་བའི་གོམས་སྲོལ་དང་རིག་གནས་ཀྱི་འདུ་ཤེས་དེ་མུ་མཐུད་དུ་རྒྱུན་སྐྱོང་དང་ཁྱབ་སྤེལ་བྱེད་སྲིད། དེའི་ཕྱིར་ས་ཁུལ་རང་བཞིན་གྱིས་མི་རིགས་རང་བཞིན་གྱི་ཚབ་བྱེད་མི་ཐུབ། རང་རྒྱལ་ནི་མི་རིགས་མང་བའི་རྒྱལ་ཁབ་ཅིག་ཡིན་པས་དམངས་ཁྲོད་ཀྱི་རྩེད་འཇོའི་རོལ་རྩེད་ལའང་རང་གར་བའི་ཁྱད་ཆོས་རེ་ཡོད་ངེས་ཏེ། དཔེར་ན། རང་རང་གི་འཚོ་བའི་ཁོར་ཡུག་དང་ཐོན་སྐྱེད་བྱེད་སྒོ་ལྟར་རིགས་དང་རྣམ་གྲངས་སྣ་ཚོགས་སུ་ཡོད་པ་དང་། ཐ་ན་རིགས་མཐུན་གྱི་རྩེད་འཇོ་ཡིན་ནའང་གོམས་སྲོལ་དང་རིམ་པའི་སྒྲིག་ཁྲིམས་མི་འདྲ་སྟེ། འཇུ་རེས་བྱེད་པ་དང་། གླུ་གཞས་གཏོང་བ།མིག་མངས་རྩེ་བ་ལྟ་བུར་མཚོན་ནའང་། བོད་གླུ་དང་བོད་འཇུ། རྒྱ་གླུ་དང་རྒྱ་འཇུ། སོག་གླུ་དང་སོག་འཇུ་ཞེས་གཅིག་མིན་གྱི་ཁྱད་ཆོས་ཡོད་པ་ལྟ་བུའོ།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10