ཡོམ་རྒུད་གདུང་འབོད་སྙན་ངག

མགར་ཐང་དཀར།        2022-09-16

སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་ནས་རྐྱེན་ལམ་དུ་ཤོར་པའི་ནང་གྲོགས་དག་ལ་སྐྱེལ་མའི་མ་ཎི་ཡིག་དྲུག་ཚར་གཅིག་གི་དོད་དུ།

———ཁ་བྱང་གི་ཐོག་མའི་གཏམ།

དེ་རིང་སྟེ།

ས་ཆེན་གྱི་གདུང་བས་རི་རབ་བསྒུལ་ཅིང་།

ཡ་ང་བའི་འཇིགས་རུང་གི་གོད་ཆགས་ཀྱིས།

ངའི་སྤུན་ཟླའི་ལྷིང་འཇགས་ཁད་ཀྱིས་དཀྲོགས་སོང་།

འཚོ་གནས་ཀྱི་སྟ་གོན་ག་ཤས་ཐལ་བར་བརླགས་ཏེ།

ལྕགས་ཟམ་རྫོང་གི་ནམ་མཁའ་གཞི་ནས་འགྱུར།

གདུང་བའི་ཉམས་ཀྱིས་སྤྲིན་པའི་ཡོལ་བ་འཐེན།

ན་ཟུག་གི་མཚོ་མོ་འཕྱུར།

ཀྱེ་ཧུད།

ཁྱེད་ཚོས་ནང་སེམས་སུ་འདུན་མ་ཅི་རྙེད་ཅིག་བསྐུངས་ཏེ།

མི་སྣང་བའི་ཞིང་ཁམས་དེར་ཆས་སོང་།

ནང་ཁྲོལ་གྱིས་འཇིག་རྟེན་བསྐྲུན་ནས།

མི་ཚེའི་རྒྱུད་སྐུད་ཀྱི་དབྱངས་འགྲོས་ཆད་སོང་།

ཤུ་རེ་བདེ་བར་བཞུད་ཅིག

ང་ཚོས་ཁྱེད་ཚོར་སྐྱེལ་མ་བྱེད་བཞིན་ཡོད།

༦.༨ཡོམ་རྒུད།

ཁྱུར་མིད་དུ་བཏང་བའི་ཚེ་སྲོག།

མི་རྟག་པའི་ཆོ་འཕྲུལ་ཐེངས་ཤིག།

ལྕགས་ཟམ་རྫོང་གི་བྲང་ལ་འཁྱུད་ནས།

ན་ཟུག་གི་ནམ་མཁའ་བསྐྲུན།

ཡི་གར་འོང་བའི་ཡུལ་གྲུ་འདིར།

རྨ་ཁ་གྲངས་མེད་ཀྱི་རྡོག་ཁྲེས་བཀལ།

དོ་ནུབ་སྟེ།

བདག་གིས་མཐོང་མེད་ཀྱི་ཞིང་ཁམས་བསྒོམས་ནས།

ཁྱེད་ཅག་ལ་ལམ་བྲོ་རྒྱག་གིན་ཡོད།

ནང་གྲོགས་ཚོ་བདེ་བར་བཞུད་ཅིག།

འཇིག་རྟེན་སྲིད་པའི་ཕུན་ཚོགས།

འཁོར་བའི་ཚ་གྲངས་ཀྱི་དམྱལ་ཁམས།

ཡོད་ཚད་ཀྱི་ཡོད་ཚད་བཞག་སྟེ་ལྷིང་ངེར་བཞུད་སོང་།

བཞུད་ཀྱིན་པའི་མི་རྟག་པའི་རྒྱབ་གཟུགས།

དུས་འཁོར་གྱི་ཚག་སྒྲའི་ཀློང་ནས།

སྐད་ཅིག་སྐད་ཅིག་གིས།

ཁྱེད་ཅག་དང་བཅར་བས།

ནང་གྲོགས་ཚོ།

མི་རྟག་པར་འཁང་ར་མེད་པར་ཞུ།

མུ་མཐའ་མེད་པའི་ཡིད་འོང་ལ་འཁང་ར་མེད་པར་ཞུ།

རེད་དེ།

རླུང་གིས་མར་མེ་གཟིམས།

ཁྱེད་ཅག་གཞི་ནས་བཞུད།

ངས་རྨི་ལམ་ལས་ཁྱེད་ཅག་འཚོལ་བཞིན་ཡོད།

ངས་ཚོར་སྣང་ལས་ཁྱེད་ཅག་དྲན་གྱིན་ཡོད།

ཀྱེ་ཀྱེ་ངའི་ནང་གྲོགས་ཚོ།

ད་ནི་ལྷིང་འཇགས་ཀྱི་ཞིང་ཁམས་དེར།

ལྷིང་འཇགས་ངང་རྐང་པ་སྤོས་དང་།

ངས་ཁྱེད་ཚོར་མྱ་ངན་ཞུ་བཞིན་ཡོད།

ནང་གྲོགས་ཚོ་བདེ་བར་བཞུད་ཅིག

  • ལེ་ཚན་སྔོན་མ།:མི་མངོན་པའི་སང་ཉིན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།