ཕྱེ་ལེབ་འཛིན་པའི་རོལ་རྩེད།

སོར་གདུབ།        2022-09-12

སྐྱེས་པའི་ངུ་ངག་གླུ་རུ་བླངས་ཉིན་ནས། །

དུས་ཀྱི་ས་གཞི་ཆེན་པོར་ཕར་ཕར་བརྒལ། །

ལང་ཚོ་དལ་ལ་བབས་པའི་དཔྱིད་དུས་ཤར། །

སྐྱེ་འགྲོ་དུ་མ་སླར་ཡང་མགྲོན་དུ་བྱོན། །

སྔོ་སྔོ་ལྗང་མྱུག་རྒྱས་པའི་ས་ཆེན་ན། །

དལ་དལ་ལྷོད་ལ་ལྷུང་བའི་འབབ་ཆུ་བདོག །

ཁྲ་ཁྲ་མེ་ཏོག་ཁྲི་མ་འབུམ་དུ་འཛུམ། །

འཇམ་འཇམ་ཉི་འོད་འཚེར་བའི་ཀློང་ཡངས་ན། །

བསིལ་བསིལ་འགྲོ་བའི་ངང་ཚུལ་ཁད་ཀྱིས་ལྡང་། །

ལྟེམ་ལྟེམ་མཚོ་དང་མཚེའུ་མེར་ལ་སྣང་། །

སྙན་སྙན་བྱ་བྱིའུ་མགྲིན་པའི་འཇེབས་སྒྲ་སྒྲོག །

ལྡེམ་ལྡེམ་ཕྱེ་ལེབ་འཕུར་བ་ཉམས་རེ་དགའ། །

ཕྱི་རོལ་ཡུལ་ལྗོངས་མཛེས་པོས་སྣང་བ་མྱོས། །

ལྷག་པར་ཕྱེ་མ་ལེབ་ཀྱིས་ཡིད་དབང་འཕྲོག །

ཕྱི་ལུས་འཇའ་ཡིས་འཐུམ་པའི་མཛེས་སྡུག་ལ། །

ནང་སེམས་གཏུམ་པོའི་མེ་ལྕེ་མི་འབར་བ། །

རྟག་ཏུ་རྩི་ལྡུམ་གསེབ་ན་འདོང་བཞིན་དུ། །

མེ་ཏོག་ཟིལ་དངར་བཞིབས་ནས་འཚོ་བ་ཞིག །

དེ་མར་ང་ཡི་སེམས་བྱུང་གཞུ་གུ་ལས། །

འཛིན་པར་འདོད་པའི་མདའ་ཞིག་ཤུབ་བུར་རྒྱུ། །

ངས་ནི་བྱམས་བརྩེའི་ལག་ཟུང་བསྲིངས་ནས་ཀྱང་། །

ཨེ་མ་ཡིད་དབང་འཕྲོག་པའི་ཕྱེ་མ་ལེབ། །

སྐད་ཅིག་ང་ཡི་སྙིམ་པར་བོབས་དང་ཀྱེ། །

ལང་ཚོའི་སྒེག་ཆོས་ང་ལ་སྟོན་དང་བརྗོད། །

ཕྱེ་མ་ལེབ་ཀྱིས་ཕྱིར་བལྟས་ཙམ་མེད་པར། །

ཕ་གིའི་ལྗོན་ཤིང་རྩེ་ན་ཕུར་སོང་ངོ་། །

ངས་ནི་ཁྲོལ་མ་ཁྱེར་ནས་ཡང་ཡང་དེད། །

ཁྱོད་ནི་གཤོག་རྩལ་ངོམ་བཞིན་ཕར་ཕར་བཀྱེད། །

ངས་ནི་ངལ་བའི་རྔུལ་ཆུ་ཁྲོམ་ཁྲོམ་བཞུར། །

ཁྱོད་ནི་ཕུར་གྱིན་ཕུར་གྱིན་ཇེ་མཐོ་རེད། །

འཛིན་འདོད་བློ་ཡི་སྤྲིན་ནག་ལྡང་ན་ཡང་། །

འཇོན་དང་ཐབས་ཀྱི་ཆར་སིམ་མི་འཐོར་བས། །

དང་དོད་སྤང་གི་སེར་ཤ་ཇི་ལྟར་རྒྱས། །

ངས་ནི་ཕྱེ་ལེབ་རྗེས་སུ་མ་འདེད་པར། །

ལྡུམ་རའི་སྐྱེད་མོས་ཚལ་ཞིག་སྙོར་སྐྱོང་བྱས། །

དེ་ན་མེ་ཏོག་སྟོང་ཕྲག་ཧ་ཅང་དགོད། །

ཟེ་འབྲུའི་སོ་ཕྲེང་དག་ཀྱང་ཕྱིར་ལ་མངོན། །

དེ་ན་དྲི་ངད་ཞིམ་པོ་རྣམ་པར་འཐུལ། །

སྐྱེ་འགྲོར་བདུད་རྩིའི་ངད་ཀྱིས་སྣང་བ་སྟེར། །

དེ་ན་སྦྲང་རྩི་སྐྱོང་རྣམས་རབ་ཏུ་འཁོར། །

དར་དིར་གཤོག་སྒྲ་འཕྲེད་གླིང་འབུད་དང་མཚུངས། །

འདི་ལྟའི་སྐྱེད་མོས་ཚལ་ཞིག་ལྷ་ཡུལ་ཡང་། །

ཡོད་མེད་སོམ་ཉིར་གྱུར་བ་ཐེངས་གཅིག་མིན། །

དེ་ལྟར་ནམ་ཟླ་སྐྱེལ་བའི་དུས་ཡུན་ནང་། །

ཕྱེ་ལེབ་ཞེ་ལ་འཁོར་བའི་གླགས་མ་རྙེད། །

ནམ་ཞིག་ཕྱེ་ལེབ་ཡིད་ལ་འཁོར་ན་ཡང་། །

སྔོན་མའི་འདང་བརྩེ་ཡོངས་སུ་འགྱུར་ཏ་རེ། །

དེ་ནི་བརྩེ་གདུང་ཟོལ་མའི་མཐོ་རླབས་ཡིན། །

དེ་ཡང་འཇིག་རྟེན་སྣང་བའི་རི་མོ་ཡལ། །



  • ལེ་ཚན་སྔོན་མ།:དགེ་རྒན་ལགས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།