ལས་ཀྱི་སྣེ་མོར་སིམས་པའི་རོལ་དབྱངས།

མདའ་ཅང་ཤེས།        2022-09-07

ཤར་ཕྱོགས་སྤྲིན་དཀར་འཁྱུད་པའི་དབྱིངས་རིམ་དུ་བཞུགས་པའི།།

རོལ་སྒེག་གར་གྱིས་འགྱིངས་པའི་ཤེས་རབ་ཀྱི་དབང་མོ།།

ལྷ་གཅིག་དྲི་མེད་དར་གྱི་བརྩེ་འཛིན་གྱི་ཞགས་པས།།

མ་འདོར་དུས་གསུམ་ཀུན་ཏུ་སྙིང་རྗེ་ཡིས་སྐྱོངས་ཤིག།

གདུང་སེམས་མཐའ་དབུས་མེད་པའི་འཁོར་བ་ཡི་ཞིང་དུ།།

སྔོན་བྱས་ལེགས་ཚོགས་རྣམ་དཀར་དགེ་བ་དང་འདྲེས་ཀྱང་།།

ཆགས་སྡང་ཚིག་གི་རོལ་མོའི་ཆར་རྒྱུན་གྱི་འབབ་སྟངས།།

མ་འདྲིས་སེམས་སོང་མི་ཡི་སྣང་བ་རུ་བབས་བྱུང་།།

ཚེ་འདིའི་ལས་ཀྱི་སྒོ་མོ་དར་གཅིག་ཏུ་དཔྱངས་པའི།།

ང་དང་རེ་ཁཱའི་འོད་ཀྱི་འཇའ་ཚོན་ལ་ཞེན་མཁན།།

མི་རྟག་རྟག་འཛིན་བསྣོལ་པའི་རྩེ་མོ་ལ་བཅངས་ནས།།

བརྩེ་དུང་འདབ་བརྒྱའི་ཕྱག་རྒྱ་ཁ་སྤྲོད་དུ་འཐིམ་སོང་།།

རྩེ་དྲུག་སྙིང་བདུན་རི་བོའི་ཕ་རོལ་ཏུ་གནས་ཀྱང་།།

དལ་འབབ་རྩེ་ཆུའི་འགྲམ་གྱི་ལྷན་འཛོམས་ཀྱི་མིག་ཟུང་།།

ཞེ་འདྲེས་ལག་ཟུང་སྦྲེལ་བའི་མདང་གསུམ་གྱི་རྨི་ལྟས།།

བདག་སྙིང་མི་འགྱུར་དགའ་བའི་གུར་ཁང་དུ་འཁྲུངས་ཡོད།།

མཐོན་མཐིང་གནམ་གྱི་རྒྱལ་མོའི་འོག་རོལ་གྱི་འཇིག་རྟེན།།

འགྱུར་བག་འཕྲུལ་གྱིས་བཏབ་པའི་སྟོང་སྣང་དུ་སྲིད་མོད།།

བརྩེ་འདང་སྦྲང་རྩིས་བརླན་པའི་མཆུ་སྒྲོས་ཀྱི་འདབ་མར།།

འདུས་བྱས་སྲིད་པའི་ཆོས་ཉིད་སྒོམ་ཐབས་རང་མི་འདུག།

ལྷོད་ཉམས་སྟབས་ཀྱིས་འགྲོ་བའི་ཉམས་སྣང་གི་རྟོག་འགྱུ།།

དཀར་མཛེས་ཕྲ་བའི་མགུལ་གྱི་བྲང་གཞུང་གི་སྟེང་གར།།

མཛེས་སྡུག་གསེར་གྱི་ཕྲ་ཚོམ་བཏབ་པ་ཡི་རྒྱན་ཕྲེང་།།

མ་བྲིས་དུངས་སེམས་གཙང་མའི་མཚོ་ངོགས་སུ་འཕུར་བྱུང་།།

སྡེ་ཆེན་མི་ཁས་དཀྲིས་པའི་ན་ཟླ་ཚོའི་ལྐོག་མིག།

ཕྲག་དོག་དུག་ཆུ་འཁོལ་པའི་རང་བཞིན་དུ་མངོན་ཡང་།།

ལྷ་དང་སྲུང་མར་བཅོལ་པའི་ཁ་འཛིན་གྱི་སྡོངས་གྲོགས།།

མ་གཡེལ་དུས་དང་སྐབས་སུ་ཅིག་ཅར་དུ་ཕེབས་སྲིད།།

དྲིན་ཆེན་ཕ་དང་མ་ཡི་ཁ་སྟབས་ཀྱི་བཙན་སྣེ།།

གཉོམ་ཆུང་ལས་ཀྱི་རོགས་ལོའི་རྣ་ཟུར་དུ་ལྷུང་ཡང་།།

ཁྲེལ་དང་ཕྱི་ཐག་བྲིས་པའི་གཏན་ཚིགས་ཀྱི་མེ་ཏོག།

བསྐལ་པ་མཐའ་མེད་སྲིད་པའི་བྲང་གཞུང་དུ་བསྟར་ཡོད།།

མདོར་ན་ལས་ཀྱིས་བསྐོས་པའི་མཐར་ཐུག་གི་རི་མོ།།

ཚེ་རབས་བྲག་ཏུ་རྩེན་པའི་སྨུག་སྤྲིན་གྱི་བླ་བྲེ།།

དུངས་སྲིད་འཁོར་བའི་སྣེ་ཡི་རྟག་འཛིན་གྱི་རོལ་དབྱངས།།

མི་འཇགས་དམ་ཚིག་ཆུ་བོའི་བཞུར་རྒྱུན་དང་འགྲོགས་ཏེ།།

ཞེ་མཐུན་མི་ལ་འདྲེས་པའི་འཇིག་རྟེན་གྱི་སྣང་བར།།

གཏན་དུ་བར་ཆད་མེད་པའི་སྨོན་ལམ་ཞིག་འདེབས་སོ།།



  • ལེ་ཚན་སྔོན་མ།:ཨ་མ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།