ཧྲེན་དབྱང་གིས་བཀོད་སྒྲིག་གནང་ཞིང་ཧྥུང་ཧྥ་ཀུའེ་ཡུལ་དངོས་སུ་ཕེབས།

        2022-09-06

ཧྲེན་དབྱང་གིས་བཀོད་སྒྲིག་གནང་ཞིང་ཧྥུང་ཧྥ་ཀུའེ་ཡུལ་དངོས་སུ་ཕེབས།

གསར་འགོད་པས་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན།སྤྱི་ཟླ9པའི་ཚེས5ཉིན་གྱི་ཆུ་ཚོད12དང་སྐར་མ52ཐོག་རང་ཁུལ་གྱི་ལྕགས་ཟམ་རྫོང་འབོ་ཞབས་གྲོང་རྡལ་གྱི་ཉེ་འགྲམ་དུ་ས་འགུལ་རིམ་པ6.8བྱུང་ཡོད། འགུལ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ16ཡོད་པ་རེད།

  ས་འགུལ་བྱུང་རྗེས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཧོང་ཆང་གིས་འཕྲལ་མར་རང་ཁུལ་དང་ལྕགས་ཟམ་རྫོང་གི་མགོ་ཁྲིད་ལ་ཁ་པར་བཏང་ནས་མཛུབ་སྟོན་གནང་བ་རེད། 

   ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཧོང་ཆང་གིས་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཚན་ཁྲིད་དེ་ལྕགས་ཟམ་རྫོང་དུ་འབྱོར་བས་མ་ཚད།གནོད་སྐྱོན་ཕོག་ཁུལ་གྱི་ས་འགུལ་ལྟེ་གནས་སུ་ཕེབས་ནས་འགུལ་འགོག་གནོད་སྐྱོབ་ལས་དོན་ལ་མཛུབ་ཁྲིད་གནང་བ་རེད།

 ས་འགུལ་བྱུང་རྗེས་རང་ཁུལ་གྱི་འགུལ་འགོག་གནོད་སྐྱོབ་བཀོད་འདོམས་པུའུ་ཡིས་འཕྲལ་མར་འཚུབ་བསྟུན་བརྡ་ལེན་རིམ་པ་དང་པོ་སྤེལ་འགོ་ཚུགས་པ་རེད། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་མགོ་ཁྲིད་གཙོ་བོས་མགྱོགས་མྱུར་དུ་རོགས་སྐྱོབ་བྱེད་སྟངས་ཐད་བླང་བྱ་བཏོན་པ་རེད། པེ་ཅིང་དུ་སློབ་སྦྱོང་བྱེད་བཞིན་ཡོད་པའི་ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་འཕྲལ་མར་ཁུལ་ནང་ལས་ཀ་གཙོ་སྐྱོང་བྱེད་བཞིན་པའི་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་དང་ལྕགས་ཟམ་རྫོང་ཨུའི་ཧྲུའུ་ཅི་སུང་ཞའོ་ཅུན་རྣམ་གཉིས་ལ་ཁ་པར་བཏང་ནས་ལས་ཀ་བཀོད་སྒྲིག་མཛད་པ་དང་ཆབས་ཅིག། ཁུལ་དང་རྫོང་ལ་མགྱོགས་མྱུར་དུ་འཚུབ་བསྟུན་སྔོན་ཚུད་དང་། སྟོབས་ཤུགས་སྒྲིག་འཛུགས། གནོད་སྐྱོན་གནས་ཚུལ་རྒྱུས་ལོན། མི་སྣ་མྱུར་སྐྱོབ་ཡག་པོ། རྨས་མ་སྐྱོབ་བཅོས། དེ་བཞིན་འཕྲོ་ལུས་ས་འགུལ་དང་རི་ཉིལ་བ། འཁྱིལ་མཚོ་སོགས་ཀྱིས་བཟོས་པའི་ཞོར་ཐོན་གནོད་འཚེ་མི་ཐོན་པ་བྱེད་ཅིང་། གནོད་འཚེ་ཕོག་པའི་མང་ཚོགས་བཀོད་སྒྲིག་ཡག་པོ་བྱ་དགོས་ཞེས་ཐུགས་རེ་གནང་བ་དང་ཆབས་ཅིག། པེ་ཅིང་དུ་སློབ་སྦྱོང་བྱེད་མཚམས་གྲོལ་ནས་ལྕགས་ཟམ་རྫོང་གི་གནོད་འཚེ་ཕོག་ཁུལ་དུ་ཕྱིར་ལོག་བྱེད་བཞིན་ཡོད་པ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་རུ་ཁག་ཁྲིད་དེ་ཡུལ་དངོས་སུ་ཕེབས་ཏེ་ཉེན་སེལ་རོགས་སྐྱོབ་མཛད་པ་རེད། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱིས་མགྱོགས་མྱུར་དུ་འཚུབ་བསྟུན་ལས་དོན་ནང་ཞུགས་པས་མ་ཚད། དྲག་ཆས་ཉེན་རྟོག་མེ་ཟོན་དང་སྨན་བཅོས་སྐྱོབ་བཅོས།འཕྲིན་གཏོང་གློག་ཤུགས།འགྲིམ་འགྲུལ་བདེ་བགྲོད་སོགས་ཀྱི་རོགས་སྐྱོབ་སྟོབས་ཤུགས་མི་སྣ635མངགས་ནས་ཉེན་སེལ་ལས་དོན་སྤེལ་བ་རེད། རོགས་སྐྱོབ་དཔུང་སྡེ300ས་འགུལ་ལྟེ་གནས་སུ་སླེབས་ནས་རོགས་སྐྱོབ་བགྲོད་ལམ་གཅིག་མྱུར་བཟོ་བྱས་པ་དང་། མི་མེད་གནམ་གྲུ་བཏང་ནས་མྱུལ་ཞིབ་བྱས་ཤིང་ཁང་པ་ཁག་ཅིག་ལ་གནོད་འཚེ་ཕོག་ཡོད་པ་རེད། 

ཨ་མགོན་གྱིས་བསྒྱུར།

རྩོམ་སྒྲིག་པ། བདེ་ཆེན།

  • ལེ་ཚན་སྔོན་མ།:ལྕགས་ཟམ་རྫོང་དུ་ས་འགུལ་བྱུང་རྗེས་ཀྱི་གནས་ཚུལ་གསར་ཤོས།
  • ལེ་ཚན་རྗེས་མ།:ཝང་ཞའོ་ཧུའེ་ཡིས་ཉེན་སེལ་གནོད་སྐྱོབ་ལས་དོན་ལ་བཀོད་གཏོང་གནང་།
  • དོ་སྣང་ཆེ་བའི་རྩོམ།