འབྲོག་མོ་མེ་ཏོག

བརྩོན་འགྲུས་རྒྱ་མཚོ།        2022-08-29

ནགས་ཀྱི་ལན་བུ་ལ་མེ་ཏོག་བཅིངས་ནས། །

ཚ་ལྭའི་གོང་ཁ་ནས་འཛུམ་མདངས་མངོན་ཏེ། །

ཞེ་འདང་གངས་དཀར་ལས་གཙང་བའི་འབྲོག་མོ། །

མེས་པོའི་གོམས་གཤིས་ཀྱི་ཁྲོད་ན་ཡོད་དམ། །

སྨིན་མའི་གཞུ་རིས་ཀྱི་འོག་ནས་འཕེན་པའི། །

དུང་སེམས་ཟུར་མིག་གི་མདའ་མོ་མཐོང་དུས། །

ཁྱོད་ཞལ་འཆར་ཀ་ཡིས་གོས་པའི་ཟླ་བ། །

ཁྲེལ་གཞུང་ཕྱི་ཐག་གི་མཚོ་རུ་ཡོད་དམ། །

སྨུག་པའི་རི་ལུང་ལ་གོམ་ཆུང་བསྒྱུར་ཏེ། །

ཕ་སྐད་རྫ་ཆབ་ཀྱིས་མགྲིན་པ་བཀྲུས་དུས། །

རྫི་གླུ་སྙན་མོ་འགའ་ངག་ལ་སྐྱོར་བཞིན། །

དབྱངས་གསལ་སོ་བཞི་ཡི་ཀློང་ན་ཡོད་དམ། །

མཉེན་ལྕུག་ཕྱག་གཡས་དེ་ཐོད་དུ་ལེན་བཞིན། །

ཆར་ཤུལ་འཇའ་ཚོན་གྱི་རི་ལ་བལྟས་པའི། །

དཀར་ནག་ཕྱུགས་རིགས་ལ་མིག་བརྡ་ཀེམ་སྟེ། །

མཐོ་བོད་འབྲོག་ལྗོངས་ཀྱི་ལྷས་རར་ཡོད་དམ། །

མཁུར་འཛུམ་མེ་ཏོག་གི་དཀྱིལ་ན་བཞད་པའི། །

བརྩེ་བའི་སོ་ཕྲེང་གི་གེ་སར་རྫོགས་ནས། །

མྱོས་པའི་འོ་འཛིན་དེ་བྲང་ན་རྒྱས་པས། །

ཕོ་བརྒྱའི་སྙི་ཤ་ཡི་གཏིང་མར་ཡོད་དམ། །

དྲི་ལྡན་མར་རྩམ་གྱི་ངད་པ་ཐུལ་བའི། །

ཁ་ཆུང་པདྨ་ཡི་གསར་པའི་འདབ་མར། །

ཞིམ་པའི་སྦྲང་རྩི་ཡི་མངར་ཐིགས་འཕོས་ཏེ། །

ན་ཆུང་བུང་བ་ཚོ་འགུག་བཞིན་ཡོད་དམ། །

ཁྲེལ་གཞུང་ངོ་ཚ་ཡིས་ངང་རྒྱུད་མ་བརླག །

རྒྱ་གྲོང་སྲོང་བར་ནས་རིགས་རུས་མ་བཙོང་། །

ཕྱིང་དཀར་ལྭ་བ་ཡི་ཁུད་དུ་འཚོ་བའི། །

གངས་རིའི་མཛངས་མ་ཁྱོད་འབྲོག་ན་ཡོད་དམ། །

གོང་ཆེན་དཔོན་པོ་ལ་ངོ་དགའ་མ་བྱས། །

ཉམ་ཆུང་དམན་པ་ལ་ཁྱད་གསོད་མེད་པ། །

རིགས་ཀྱི་རུས་པ་དེ་དཀར་ན་སེམས་པའི། །

གངས་ཅན་བོད་མོ་ཁྱོད་བོད་ན་ཡོད་དམ། །


  • ལེ་ཚན་སྔོན་མ།:སེམས་གཏམ་སེམས་པའི་ཕྱི་ནང་།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།