མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི་ལག་ལེན་བྱ་སྤྱོད་སྤེལ་འགོ་ཚུགས་ནས་དཀར་མཛེས་ཁུལ་གྱིས་མི་རིགས་མཐུན་སྒྲིལ་བྱེད་ཤུགས་ཆེ་རུ་བཏང་།

ལྷ་འཛོམས་ཀྱིས་བསྒྱུར།        2022-08-29

ཉིན་ཤས་སྔོན་ཁྲེང་ཏུའུ་གྲོང་ཁྱེར་ཆིང་དབྱང་ཆུས་ཀྱིས་རང་ཁུལ་གྱི་སྡེ་རོང་རྫོང་ལ་རོགས་སྐྱོར་བྱེད་པའི་ལས་དོན་རུ་ཁག་གི་ཁོངས་མི་ཝང་ཅང་པོ་ཡི་ལས་རོགས་དང་བཅས་པ་སྡེ་རོང་རྫོང་ཉི་མ་ལུང་པའི་གྲོང་རྡལ་ཁ་སྒང་གྲོང་སྡེའི་ལོ་ན69ལ་སོན་པའི་སྐལ་བཟང་ལྷ་མོ་ཚང་དང་དུ་ཉེ་བརྩི་རོགས་སྐྱོར་བྱེད་དུ་ཕྱིན་ནས་འཚམས་འདྲིའི་དངོས་པོ་སྟེར་བར་མ་ཟད།ཨ་མ་རྒན་མོ་སྐལ་བཟང་ལྷ་མོའི་སྡོད་ཁང་གི་གློག་སྤྱོད་ཉེན་ཁ་ཡོད་མེད་ལ་ཞིབ་བཤེར་བྱེད་རོགས་བྱས་པ་རེད། མོས་ཁོ་ཚོའི་ལག་པར་འཇུས་ནས“ང་ཚོ་ནི་ཁྱིམ་ཚང་གཅིག་གི་མི་ལྟར་ཡིན། རྩམ་པ་དང་མར་བརྫིས་པ་ནང་བཞིན་མཉམ་འདྲེས་བྱས་ནས་ཡོད་པ་རེད”ཅེས་བཤད་པ་རེད།

ད་ལོའི་སྤྱི་ཟླ་བདུན་པར་རང་ཁུལ་གྱིས“ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་བཅངས་ནས་མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི”ལག་ལེན་བྱ་སྤྱོད་སྤེལ་འགོ་བཙུགས་ནས་ཁུལ་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོར་ཞིང་འབྲོག་པའི་ཁྱིམ་དུ་བསྐྱོད་ནས་ཆ་སྒྲིག་ཉེ་བརྩི་བྱས་ཏེ་འཚོ་བའི་སྐོར་ཁ་བརྡ་ལབ་རེས་དང་བདེ་སྡུག་འདྲི་རྩད་བྱ་དགོས་པའི་བླང་བྱ་བཏོན། འབྲེལ་བ་བྱེད་སའི་ཁ་པར་ཨང་གྲངས་བཞག་ནས་ཆ་སྒྲིག་ཉེ་བརྩི་བྱ་ཡུལ་གྱི་ཁྱིམ་ཚང་དང་རྒྱུན་གཏན་གྱི་འབྲེལ་གཏུག་ལས་སྟེགས་བསྐྲུན་ཡོད། ཆ་སྒྲིག་ཉེ་བརྩི་བྱ་ཡུལ་གྱི་དངོས་ཡོད་དཀའ་ངལ་རྒྱུས་ལོན་ཞིབ་ཕྲ་བླངས་ནས་སླད་ཕྱིན་དུ་རོགས་སྐྱོར་བྱེད་ཐབས་གཏན་འཁེལ་བྱེད་པ། སྲིད་ཇུས་དང་ཁྲིམས་སྲོལ་དྲིལ་བསྒྲགས་དང་སྒྲོག་འགྲེལ་བྱས་ནས་ཞིང་འབྲོག་མང་ཚོགས་མཐུན་སྒྲིལ་སྒོས་རྡོག་རྩ་གཅིག་སྒྲིལ་གྱིས་ཏང་གི་རྗེས་སུ་འབྲང་བར་སྣེ་ཁྲིད་བྱས་པ་རེད།

ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ལིའུ་ཝུའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ལག་ལེན་དངོས་ཀྱི་བྱ་སྤྱོད་འཆར་གཞི་དེ་ལག་བསྟར་བྱེད་འགོ་ཚུགས་པ་ལྟར་རྨང་གཞི་འདིང་བ་དང་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་བརྟན་པོ་གཏོང་བ། སྤུས་ཚད་ཇེ་ཡག་དང་དུས་མཚམས་གཞན་སྒྱུར་གྱིས་རྒྱུན་རྣམ་ཅན་དུ་ཆགས་པ་བཅས་དུས་མཚམས་གསུམ་བགོས་ནས་ལག་བསྟར་བྱ་རྒྱུ་ཡིན་པ་སྟེ། སྤྱི་ཟླ་9པའི་ཚེས1ཉིན་གྱི་སྔོན་ལ་རྫོང་དང་ཁྲུའུ་རིམ་པའི་མགོ་ཁྲིད་ཚང་མས་ཆ་སྒྲིག་ཉེ་བརྩི་བྱ་ཡུལ་གྱི་དུད་ཚང་དུ་བསྐྱོད་ནས་དང་ཐོག་གི་ལས་དོན་སྤེལ་རྒྱུ་དང་། སྤྱི་ཟླ10པའི་ཚེས1ཉིན་གྱི་སྔོན་དུ་ཁུལ་ཡོངས་ཀྱི་ལས་བྱེད་པ་ལས་བཟོ་ཚང་མ་དུད་ཚང་དུ་བསྐྱོད་དེ་དང་ཐོག་གི་ཆ་སྒྲིག་ཉེ་བརྩི་བྱ་དགོས་པ་རེད། མིག་སྔའི་བར་དཀར་མཛེས་ཁུལ་གྱི་ཁུལ་རིམ་པའི་མགོ་ཁྲིད44ཡིས་ཁག་བགོས་ནས་ཆ་སྒྲིག་ཉེ་བརྩི་བྱ་ཡུལ་གྱི་དུད་ཚང132ཀྱི་ཁྱིམ་དུ་བསྐྱོད་ནས་དང་ཐོག་གི་ལས་དོན་སྤེལ་ཡོད་པ་རེད།

རང་ཁུལ་ནི་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་བཙུགས་པའི་ས་ཁུལ་རིམ་པའི་གྲངས་ཉུང་མི་རིགས་རང་སྐྱོང་ཁུལ་ཨང་དང་པོ་དེ་ཡིན་ཞིང་། བོད་རིགས་དང་རྒྱ་རིགས། དབྱིས་རིགས། ཧུའེ་རིགས། ཆའང་རིགས། འཇང་རིགས་སོགས་མི་རིགས35ཡིས་ས་གནས་དེ་གར་ཕན་ཚུན་འགྲོ་འོང་དང་སྤེལ་རེས།མཉམ་འདྲེས་བཅས་བྱས་དང་བྱེད་བཞིན་ཡོད་པ་རེད། “མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི”ལག་ལེན་བྱ་སྤྱོད་སྤེལ་བའི་དམིགས་ཡུལ་ནི་སྤྱི་ཚོགས་ལས་རིགས་ཁག་དང་མི་རིགས་ཁག་གི་མང་ཚོགས་ཡོངས་ཁྱབ་དུ་ཁྱིམ་ཚང་གི་དཔལ་ཡོན་འཛུགས་སྐྱོང་བྱེད་སའི་ནང་ཞུགས་རྒྱུར་སྐུལ་སློང་བྱས་ཏེ་ཁྱིམ་ཚང་དང་ཁྱིམ་ཚང་གི་སློབ་གསོ། ཁྱིམ་སྲོལ་འཛུགས་སྐྱོང་ལ་སྣང་ཆེན་བྱས་ནས་དཀར་མཛེས་ཁུལ་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་འཛུགས་སྐྱོང་བྱ་ཆེད་ཡིན་པ་རེད།

ཁུལ་གྱི་ལག་ལེན་བྱ་སྤྱོད་ཀྱི་ཇུས་གཞི་དོན་འཁྱོལ་བྱེད་པའི་རྨང་གཞིའི་ཐོག་ཁུལ་ཡོངས་ཀྱི་རྫོང(གྲོང་ཁྱེར)18དང་ཁུལ་རིམ་པའི་སྡེ་ཚན་ཁག་གིས་ཀྱང་རྫོང་ཁོངས་སྡེ་ཚན་གྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་འབྲེལ་ཡོད་ལས་དོན་སྤེལ་བ་རེད།

ཁུལ་ཡོངས་ཀྱི་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་ཁྲི13ལྷག་ཙམ་ལ་བརྟེན་ནས་གུང་གཞོན་ཚོགས་པ་དང་ཁུལ་ཨུའི་སློབ་དུས་རེར་དཀའ་ངལ་ཡོད་པའི་གཞོན་ནུ་ལོ་ཆུང་ཁག་གཅིག་ལ་རོགས་སྐྱོར་བྱས་པ་དང་།དང་བླངས་ཞབས་ཞུ་ཐེངས་རེ་བྱེད་པ། གྲོགས་པོ་ཆུང་ཆུང་ཚོ་དང་འབྲེལ་མཐུན་ཐེངས་རེ་བྱེད་པ་སོགས་ཀྱི་བྱེད་སྒོ་སྤེལ་བས་མ་ཚད། ལོ་ཆུང་གདོང་ལེན་རུ་ཁག་སྒྲིག་འཛུགས་བྱས་ནས་ཀྲེ་ཅང་ཞིང་ཆེན་དུ་ཉེ་བརྩི་བྱེད་དུ་ཕྱིན་རེད། མིག་སྔར་ཀྲེ་ཅང་དང་དཀར་མཛེས་ཁུལ་ས་གནས་གཉིས་ཀྱི་སློབ་གྲྭ40ཡི་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི5000ལྷག་ཙམ་གྱིས་ཉེ་བརྩི་བྱས་ཡོད་པ་རེད།

ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས“དཔེ་མཚོན་གྱོད་གཞིར་བརྟེན་ནས་ཁྲིམས་བཤད་པ”དང་།“ཁྲིམས་དཔོན་གྱིས་ཁྲིམས་བཤད”“གྱོད་གཞི་ཆུང་གྲས་ཞིབ་གཅོད་བྱས་ནས་བདེན་རྩ་གནས་ལུགས་ཆེན་པོ་གླེང་བ”སོགས་ཀྱི་བྱེད་ཐབས་བརྒྱུད་ནས་ཆ་སྒྲིག་ཉེ་བརྩི་བྱ་ཡུལ་ལ་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས། ཁུལ་ཡོངས་སུ“སེ་འབྲུ”ཞེས་པའི་འདུམ་འགྲིག་ལས་དོན་ཁང45བཙུགས་ཏེ་ཁྲིམས་དཔོན་གྲགས་ཅན45བདམས་ནས་འགན་འཁུར་བཅུག་ཡོད། འདུམ་འགྲིག་གི་ཉམས་མྱོང་ཕུན་སུམ་ཚོགས་པའི་མི་དམངས་འདུམ་འགྲིག་པ400ལྷག་ཙམ་མངགས་ནས་འདུམ་འགྲིག་ཁང་དུ་བསྡད་བཅུག་ནས“འདྲ་མཉམ་དང་མཐུན་སྒྲིལ། རོགས་རེས། འཆམ་མཐུན”བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་བཏང་བ་རེད།

བྲག་མགོ་རྫོང་གིས“འབྲེལ་མཐུན་བཅུ་གསུམ”བཏོད་དེ་ཐེམ་ཐོའི་ཁྱིམ་ཚང10730ལྷག་ཙམ་ལ་ཉེ་བརྩི་ལམ་སྲོལ་གསར་པ་བཏོད་ཡོད། སྤྱི་ཟླ8པའི་ཚེས1ཉིན་ནས་བཟུང་བྲག་མགོ་རྫོང་གི་ཡུལ་གྲོང་ཁག་དང་སྡེ་ཚན་སོ་སོའི་སྤྱི་འདོམས་ལས་བྱེད་པས“ཟླ་རེར་དུད་ཚང་ཚང་མར་ཐེངས་རེར་སྐྱོད་པའི”རྩ་དོན་ལྟར་ཆ་སྒྲིག་ཉེ་བརྩི་ཡི་ལས་དོན་སྤེལ་ནས་དུད་ཚང་དུ་ཚན་པ་གསུམ་བགོས་ཏེ་སྐྱོད་པ་དང་ཚན་ཁག་ཐེངས་རེར་ཆ་སྒྲིག་ཉེ་བརྩི་ཡི་ལས་དོན་སྤེལ་ཡུན་ཉིན5ཡན་ཟིན་ཞིང་། ཐེངས་དང་པོར་དུད་ཚང་དུ་བསྐྱོད་དེ་ཆ་སྒྲིག་ཉེ་བརྩི་བྱེད་མཁན་ལས་བྱེད་པར་དམངས་ཀྱི་གནས་ཚུལ་དང་ཉིན་ཐོ་འབྲི་ཡག་མོ་ཞིག་བྲིས་པ་དང་དུད་ཚང་དུ་སྐྱོད་མཁན་གྱི་ལག་དེབ་ཡག་པོ་བྲིས་ནས་དམངས་འཚོའི་བྱ་བ་དངོས་ཐེངས་རེ་སྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།

ལིའུ་ཝུའེ་ཡིས་ད་ཐེངས་ཀྱི་ལག་ལེན་བྱ་སྤྱོད་ཐད་སྡེ་ཁུལ་མགོ་དཔོན་འགན་འཁྲིའི་ལམ་ལུགས་ལག་ལེན་བསྟར་ནས་ཤར་ནུབ་དང་ལྷོ་རྒྱུད། བྱང་རྒྱུད་བཅས་ས་ཁུལ་གསུམ་བགོས་ནས་ལྟ་སྐུལ་ཞིབ་བཤེར་དང་མཛུབ་ཁྲིད་བྱས་ཏེ་གཞུང་ལས་མི་སྣ65400ལྷག་ཙམ་གྱིས་ཐེམ་ཐོའི་ཁྱིམ་ཚང264900ལྷག་ཙམ་ལ་ཉེ་བརྩི་ཡོངས་སུ་ཁྱབ་པ་སྤེལ་བའི་རྒྱུན་རྣམ་ལམ་སྲོལ་བཙུགས་ཡོད། ད་ལོའི་ལོ་མཇུག་ཏུ་རང་ཁུལ་གྱིས“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བའི་ལས་དོན་གྱི་སྔོན་ཐོན་སྡེ་ཚན”དང་།“ཕུལ་བྱུང་གི་སེ་འབྲུའི་ལས་དོན་ཁང”“མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁྱིམ་ཚང”ཁག་གཅིག་ལ་ཚོད་ལྟའི་མིང་བཏགས་པ་དང་། དུས་མཚུངས་སུ་སྐུལ་ལྕག་གཏོང་བའི་ལམ་སྲོལ་བཙུགས་ཏེ་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བའི“སེམས་པ་གཅིག་མཐུན་གྱི་རི་མོ”དེ་བས་ཆེན་པོར་འབྲི་རྒྱུ་ཡིན་ཞེས་བཤད་པ་རེད།།



  • ལེ་ཚན་སྔོན་མ།:རང་ཁུལ་གྱི་ཐུན་མོང5དང་མི8ལ་རྟེན་འབྲེལ་ཞུ།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་བྱེད་ཐབས་སྣ་མང་སྤྱད་དེ་ཆུ་གྲོན་ཆུང་རྣམ་པའི་སྤྱི་ཚོགས་འཛུགས་སྐྱོང་ལ་སྐུལ་འདེད་བཏང་།
  • དོ་སྣང་ཆེ་བའི་རྩོམ།