འགྱོད་གདུང་གི་སྨྲེ་སྔགས།

        2022-08-22

ཉ་གང་ཟླ་བའི་འོད་ཀྱི་དཀྱིལ་འཁོར་དེ་གཟའ་ཡིས་བཟུང་སོང་།།

གླེགས་བམ་པོ་ཏིས་བརྩིགས་པའི་སྐུ་མཁར་དེ་ས་ལ་འཇིག་ཐལ།།

འཛུམ་ཆུང་བཞིན་རས་གདོང་གི་མཁུར་མགོ་དེ་མཆི་མས་བརླན་སོང་།།

ཡ་ཁོག་སྟོད་ཀྱི་སྙིང་ཁའི་སེམས་གཅོང་དེ་སྐྱོ་བས་གང་ཐལ།།

རྔམ་གཟིར་སྤྲིན་ནག་འཁྲིགས་པའི་མེ་ཆར་གྱིས་གློག་དམར་འཁྱུག་ཐལ།།

གློ་རྡེག་སྐད་ཅིག་ཙམ་ལ་འཇིག་རྟེན་འདིར་མུག་ནག་འཐིམས་སོང་།།

སྡེ་ཆེན་ཚོ་ཤོག་དྲུག་གི་སེམས་རྩ་དེ་གྲང་བས་བསྡམས་ཐལ།།

འགྱོད་གདུང་འུར་འབོད་དྲག་པོས་ས་ཆེན་དེར་མྱ་ངན་བཤམས་ཐལ།།

མུ་ཏིག་ཕྲེང་བའི་སྐུད་པའི་གཟུང་ཐག་དེ་དུམ་གྱིས་ཆད་སོང་།།

དད་འདུན་སེམས་ཀྱི་སྣང་གསལ་སྒྲོན་མེ་དེ་བྲེལ་གྱིས་གཟིམས་ཐལ།།

གདམས་ངག་སློབ་གསོའི་སྨན་ཆར་སིམ་སིམ་དེ་གཏན་དུ་ཆད་སོང་།།

སྐལ་ངན་སློབ་འབངས་ཀུན་གྱི་རེ་མྱུག་གི་ས་བོན་བསྐམས་ཐལ།།

ཨ་ཕའི་སེམས་ནས་གསེར་གྱི་ཆུན་པོ་དེ་ས་ལ་ཡིབ་སོང་།།

ཨ་མའི་དཔྲལ་བའི་མིག་ཟུང་གོར་གོར་དེ་དལ་གྱིས་བཙུམས་སོང་།།

ཕུ་ནུའི་བརྩེ་བའི་སེམས་ཀྱི་དྲོད་ཁུལ་དེ་ལྷོད་ཀྱིས་ཡལ་སོང་།།

མཛའ་གཅུགས་སྤུན་ཟླའི་སྙིང་གི་ནོར་བུ་དེ་ཞིང་གཞན་གཤེགས་སོང་།།

རྒྱ་ཕིབས་གསེར་འོད་འཕྲོ་བའི་དགོན་སྡེ་དེའི་ལྷན་འཇགས་དཀྲོགས་སོང་།།

བརྗིད་པའི་ཉམས་ལ་ཁྱུད་པའི་དབེན་ཁྲོད་དེར་ཆག་འཇིག་སླེབས་ཐལ།།

ལྷམ་མེར་ལྷུན་གྱིས་གྲུབ་པའི་འདུས་ཚོགས་ཀྱི་ཅོད་པན་ཡལ་སོང་།།

མཐོན་པོ་དགུང་དུ་བསྒྲེངས་པའི་གསེར་ཁྲི་དེར་སྟོང་པར་ལྷག་ཐལ།།

དཀའ་སྡུག་འགག་འཕྲང་བརྒལ་བའི་ལྷོ་ཕྱོགས་སུ་ཞབས་ཀྱིས་བཅག་སྟེ།།

བཟའ་བཏུང་ཐན་ཐུན་ཙམ་གྱིས་ཉིན་རེ་དེའི་འཚོ་བར་སྐྱེལ་བས།།

གཞུང་བརྒྱའི་ཕ་མཐར་སོན་པའི་རྣམ་ཐར་དེ་སེམས་ཀྱིས་དྲན་ན།།

འགྱོད་གདུང་དུག་ཚེར་བརྩེགས་པའི་ན་ཟུག་དེ་བཟོད་བརླག་ཅིག་མེད།།

ལྷག་བསམ་འོ་མའི་སྐྱེམས་ཆུ་དཀར་པོ་དེ་ཐང་ལ་དགོར་སོང་།།

རིན་བྲལ་ཀ་ཏི་ཤེལ་གྱི་སྒང་ལི་དེར་ཆག་གྲུམ་ཤོར་ཐལ།།

མ་ཤེས་རྨོངས་མུན་གཅོད་པའི་རལ་གྲི་དེ་རྡོ་ལ་རྡེག་སོང་།།

མི་རྟག་གཤིན་རྗེ་གཤེད་མས་ཁྱེད་སྲོག་དེ་ཐལ་བར་བརླགས་ཐལ།།

དུང་སོའི་ཕྲེང་བ་འཐོར་བའི་བགྲེས་པོ་ཡི་སྐྱོ་ཤས་ཆེ་བས།།

རང་ཡུལ་ཤུལ་ལུས་མུན་པའི་འཇིག་རྟེན་འདིར་སྨྲེ་སྔགས་མོད་སོང་།།

ལྷག་རླུང་ཉི་མས་གཙེས་བའི་མཁུར་ཚོས་ནས་མཆི་མ་གཤེར་བས།།

ཡིད་རྨུས་རྒྱ་མཚོའི་ཀློང་གི་རྦ་རླབས་ཤིག་གཞི་ནས་འཕྱོས་སོང།།

མག་མོག་སྤྲིན་པས་བསྒྲིབས་འདྲའི་ཤུལ་ལུས་ཀྱི་འཇིག་རྟེན་སྣང་ཕྱིར།།

སུམ་རྩེན་དག་ཞིང་ལྷ་ཡི་དགའ་ཚལ་དེའི་གང་གི་གྲོང་ནས།།

སླར་ཡང་དམིགས་བཅས་བསོད་ནམས་དམན་པའི་གདུལ་བྱ་ཡི་མགོན་དུ།།

འོད་ཟེར་སྟོང་ལྡན་གྱི་ཉི་གཞོན་ཞིག་འཆར་ལ་བསྒུགས་ནས་ཡོད།།

རྩོམ་པ་པོ། འབར་ཞུན།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:རྣམ་རྟོག་གྱ་མ་གྱུ།
  • ལེ་ཚན་རྗེས་མ།:རྨི་ལམ་གྲོང་གི་མཛེས་པ།