ཁམས་བྱང་གི་འབྲུ་མཛོད་དུ་སྟོན་ཐོག་བསྡུ་བའི་དུས་ཚིགས་འཆར།

        2022-08-22

དཀར་མཛེས་རྫོང་གི་ཆ་སྙོམས་མཚོ་འཕགས་སྨི3390ཡིན་ཞིང་། ས་ཁམས་ཀྱི་ཆགས་ཚུལ་ཁོད་སྙོམས་ལ་ཉིན་མཚན་གྱི་དྲོད་གྲང་ཧེ་བག་ཆེ་བ། ཉི་འོད་འདང་ངེས་བཅས་ཡོད་པས་ཨ་འབྲུ་ནས་ཀྱི་སྐྱེ་འཚར་ལ་ཧ་ཅང་འཚམ་པོ་ཡོད་པ་རེད། དཀར་མཛེས་རྫོང་ནི་རྒྱལ་ཡོངས་ནས་ཀྱི་ཚོང་འབྲུའི་རྟེན་གཞིའི་གྲས་ཤིག་ཡིན་པས་དེར“ཁམས་བྱང་འབྲུ་མཛོད”ཞེས་པའི་མཚན་སྙན་ཡོད་པ་དང་རྫོང་ཡོངས་ཀྱི་ནས་འདེབས་ཁྱོན་མུའུ་ཁྲི10ཙམ་ལ་ཟིན་པ་རེད།

མིག་སྔར་ནས་བརྔ་བསྡུ་བྱེད་པའི་དུས་ཚིགས་སུ་གསར་འགོད་པ་དཀར་མཛེས་རྫོང་གསེར་ཆུ་སྟེང་གྲོང་སྡེར་སླེབས། གསེར་ཆུ་སྟེང་ཞེས་པ་ནི་མིང་དོན་མཚུངས་པའི་ས་མིང་ཞིག་ཡིན་ཅིང་། ཉག་ཆུ་ས་གནས་འདི་བརྒྱུད་ནས་བཞུར་གི་ཡོད་ལ་དེའི་རྒྱུད་དུ་གསེར་འོད་ལམ་ལམ་དུ་འཕྲོ་བའི་ཞིང་ས་ཤིན་ཏུ་མོད་པས་ཞིང་པའི་སེམས་སུ་གསེར་ལས་ཀྱང་རྩ་ཆེ་བ་ནི་ཞིང་ས་དེར་སྐྱེས་པའི་ནས་རེད། གང་ལགས་ཤེ་ན། ས་ཞིང་དེ་དག་ནི་ཁོ་ཚོའི་ལོ་ཕྱེད་རིང་དཀའ་ལས་བརྒྱབ་པའི་ངལ་འབྲས་ཡིན་རྐྱེན་རེད།

ད་ལོར་དཀར་མཛེས་རྫོང་གིས་མ་དངུལ་སྒོར་ཁྲི600ལྷག་ཙམ་བཏང་ནས་ཞིང་དུད་ལ་ནས་ཀྱི་སོན་བཟང་དང་ཞིང་ལུད་སྤྲད་པ་དང་། མུའུ་ཁྲི2ཡོད་པའི་ནས་ཀྱི་ཐོན་ཚད་མཐོ་བའི་དཔེ་སྟོན་རྟེན་གཞི་བསྐྲུན་ནས་རྫོང་ཡོངས་ཀྱི་ནས་མུའུ་ཁྲི10འདེབས་པར་སྐུལ་ཁྲིད་བྱས་པ་རེད། མཁའ་དབྱིངས་ནས་བལྟས་ཚེ། ནས་ཀྱི་ཞིང་ཁ་དག་ཉག་ཆུའི་རྒྱུད་ནས་ག་གང་དུ་ཁྱབ་པར་བལྟས་ན་མཛེས་སྡུག་གི་ལོ་ལེགས་རི་མོ་ཞིག་དང་གཉིས་སུ་མེད།

མིག་སྔར་རྫོང་དེས་འཕྲུལ་ཆས་ཅན་གྱི་བརྔ་བསྡུ་བྱས་པ་མངོན་འགྱུར་བྱུང་ཞིང་། མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར་གཅིག་གིས་ཉིན་རེར་ནས་མུའུ50བརྔ་བསྡུ་ཐུབ་ཀྱི་ཡོད། སྔོན་ཆད་མིའི་ཐབས་ལ་བརྟེན་ནས་བརྔ་བསྡུ་བྱེད་དགོས་ཀྱི་ཡོད་པ་དང་ཁྱིམ་མཚེས་ཕན་ཚུན་བར་རོགས་རམ་བྱས་ན་མུའུ20བསྡུ་བར་ཏག་ཏག་གཟའ་འཁོར་གཅིག་འགོར། ད་ཆར་མཉམ་འབྲེལ་བརྔ་བསྡུ་འཕྲུལ་ཆས་བཀོལ་སྤྱོད་བྱས་ནས་བརྔ་བསྡུ་དང་འབྲུ་འདོན་དུས་མཉམ་དུ་བྱེད་ཐུབ་པས་ལས་རིམ་སྟབས་བདེ་བར་མ་ཟད་དུས་ཚོད་དང་ངལ་རྩོལ་མི་ལག་གྲོན་ཆུང་བྱས།

ཉེ་བའི་ལོ་ཤས་རིང་། དཀར་མཛེས་རྫོང་གིས་ཞིང་ལས་ཐོན་ལས་ཀྱི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སྒྲིག་དང་ནས་ཀྱི་ཐོན་ལས་འབྲེལ་ཐག་རྒྱུན་ཆད་མེད་པར་སྣུར་སྲིང་བྱས་དང་བྱེད་བཞིན་ཡོད། སྔོན་ཆད་ས་གནས་དེ་གའི་མང་ཚོགས་ཚང་མས་ནས་བརྔས་རྗེས་རྩམ་པ་འཐག་ནས་ལྟོ་བའི་གནད་དོན་ཐག་གཅོད་བྱས་པ་ཙམ་ཡིན་ཞིང་། 2020ལོར། ཁུལ་ཡོངས་སུ་ཕྱོགས་ཡོངས་ནས་དབུལ་ཐར་འགག་སྒྲོལ་ཐུབ་པས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏང་རྒྱུ་དེ་ཡུལ་སྡེ་དར་རྒྱས་གཏང་རྒྱུ་དང་འབྲེལ་མཐུད་ནུས་ལྡན་བྱ་ཆེད།ཞིང་ལས་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་ཁྲིད་བྱས་ནས་ས་གནས་དེ་གར་དེང་རབས་ནས་ཀྱི་རིག་གནས་ཐོན་ལས་གླིང་ཁུལ་འཛུགས་སྐྱོང་བྱས་ཏེ་ནས་ཐོན་རྫས་གསར་པ་ཞིབ་འཇུག་དང་གསར་བཟོ་བྱས། དེར་བྲོ་བ་སྣ་ཚོགས་ལྡན་པའི་རྩམ་པའི་བག་ལེབ་དང་ནས་ཀྱི་འཐུང་ཁུ་ཡང་ཡོད་པས། ནས་ཀྱི་སྲོལ་རྒྱུན་ཟ་འབྲུ་དེ་རིམ་བཞིན་མང་ཚོགས་དཀྱུས་མའི་འཛད་སྤྱོད་ཀྱི་མིག་ལམ་དུ་མངོན་པས་ནས་ལས་སྣོན་དང་བྲིན་ཚོང་གི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་པ་དང་ནས་ཀྱི་ཟུར་སྣོན་རིན་ཐང་ཆེས་ཆེར་འཕར་བ་རེད། ད་ཆ་ནས་ཀྱི་ཐོན་རྫས་རྣམས་རྒྱལ་ཡོངས་སུ་བཙོངས་ནས“ཕྱུག་འགྱུར་འབྲུ་རིགས”སུ་གྱུར་དང་འགྱུར་བཞིན་ཡོད་པ་རེད།།

( རྟ་མགྲིན་རྡོ་རྗེས་བསྒྱུར། )


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་ཐབས་མང་མཉམ་སྤྱོད་བྱས་ནས་དཔལ་འབྱོར་བརྟན་པོ་ཡོང་བར་བྱས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།