རྣམ་རྟོག་གྱ་མ་གྱུ།

        2022-08-22

ཡིད་རླུང་ལྡང་བའི་མཚོ་མིག་ལ། །

དགའ་སྐྱོའི་ཇག་གླུ་འཐེན་པ་ན། །

ངུ་དགོད་འདྲེས་མའི་ཐན་སྐད་དག །

ལས་ཀྱི་ལན་ཆགས་ཡིན་པ་འདྲ། །

ཁྱེད་ཉིད་འཛུམ་པའི་མིག་ཟུང་ལ། །

སྣང་བའི་ཉ་མོ་ཤོར་བ་དེ། །

ཞེན་པའི་གམ་དུ་སྦས་པ་ཡི། །

སྔོན་གྱི་བག་ཆགས་སད་པ་འདྲ། །

སྐྲ་ལོ་གཟེང་བའི་ང་རྒྱལ་དེ། །

གནམ་ས་ཁྲོས་པས་མ་ལགས་ཀྱང་། །

གཏི་མུག་གཡོ་བའི་ཞེན་སྣང་གིས། །

གནམ་གྱི་འོག་ལ་ཁྲེལ་དགོད་བཏང་། །

ལྗང་ལོ་འཁུར་བའི་ལྗོན་པ་དག །

བག་ཙམ་སྐྱོད་པའི་གར་དང་བཅས། །

བསེར་མ་ལྡང་བའི་གྲིབ་གཟུགས་དེ། །

བདག་གི་གདོང་ལ་ཡང་ཡང་ཐོགས། །

རྒྱང་ནས་ཐོས་པའི་འུར་སྒྲ་དེ། །

སྒྱུ་མའི་བྲག་ཅ་མ་ལགས་ཤིང་། །

བྱ་ཁྱུའི་གཤོག་སྒྲ་མ་ལགས་ཏེ། །

ཁྱོ་ཤུག་རྩེ་བའི་དགོད་སྒྲར་ངེས། །

ཁ་ཆར་བབས་པའི་མཚོ་མཐའ་རུ། །

དཔྱིད་རླུང་རྩེན་པའི་ངར་ཤུགས་ཀྱིས། །

འཇག་སྐྱ་འདར་བའི་རྣམ་འགྱུར་ལ།

སུ་ཡིས་བརྩེ་བ་སྟེར་མྱོང་ངམ། །

ཆུ་འཛིན་ཁྲོས་པའི་ངར་སྐད་ཀྱིས། །

ཡང་ཡང་འཇིགས་སྣང་སྐུལ་དང་ལྷན། །

མིག་མཐའ་མཆི་མས་་བརླན་བྱས་ཏེ། །

ས་ལ་གཤེ་གཤེ་ཅིའི་ཕྱིར་སྟོན། །

སྐར་མདའ་མཐོང་བའི་སྒེའུ་ཁུང་ལས། །

ཟླ་བའི་དཀར་ཐིག་འཕོས་པ་ཡིས། །

དྲན་པ་འཁོར་བའི་གཙང་པོ་ལ། །

འདས་པའི་འཇིག་རྟེན་སླར་ཡང་ཕབ། །

དར་ལྕོག་དམར་པོའི་ལྷབ་སྒྲ་དང་། །

ཝ་མོ་བརྒྱལ་བའི་ངུ་སྐད་དང་། །

རུས་རྐང་འབུད་པའི་མཐོང་སྣང་དེས། །

ཚེ་མཐའི་དུར་ཁྲོད་མཚོན་ནམ་ཅི། །

ནད་རླུང་ཆོམ་པོས་མ་མཐོང་ཞིང་། །

ཁྲག་གི་ལྡེམ་མཚམས་མ་ལྷོད་པར། །

གཅིག་པུར་སྡོད་པའི་རྣམ་ཤེས་ཀྱིས། །

རྣམ་རྟོག་གྱ་གྱུ་ཅིའི་ཕྱིར་རྩེན། །

ལུས་འདི་སྲིན་འབུས་ཟོས་པ་ན། །

རྣམ་ཤེས་གཅིག་པུར་འཁྱམ་པ་ན། །

རྡོ་དང་ཤིང་གི་ཡལ་འདབ་ལ། །

བདག་གི་མིང་བྱང་མ་འབྲི་རོགས། །

རྟོག་འགྱུ་རྩེན་པའི་ཚོར་སྣང་གིས། །

པིར་རྩེར་ཕབ་པའི་ཡིག་འབྲུ་དག །

མེ་ལྕེ་གཡོ་བའི་གཟན་དུ་ཐོངས། །

ཕྱི་མའི་རྣམ་ཤེས་ཐོགས་པ་དོགས། །

༼ ཀུན་ཁྱབ། ༽


  • ལེ་ཚན་སྔོན་མ།:རང་བཞེངས་དབྱངས་ཅན་རྒྱན་མདུད་མ།
  • ལེ་ཚན་རྗེས་མ།:འགྱོད་གདུང་གི་སྨྲེ་སྔགས།