ཚོར་བའི་མགུར་དབྱངས།

ཉུལ་པོ།        2022-08-10

སྐུ་བཞི་མཚམས་སྤྲིན་གྱི་གུར་ཁང་ཀློང་ནས། །

གསུང་དབྱངས་རྒྱ་མཚོ་ཡི་དགའ་སྟོན་རོལ་ཞིང་། །

ཐུགས་རྗེའི་ཕྲིན་ལས་ཀྱིས་གླིང་བཞི་བསྐྱངས་པའི། །

དབྱངས་ཅན་ལྷ་མོ་ཡིས་བདག་མགྲིན་ཕྱེས་ཤིག །

སྣ་ཚོགས་རྒྱུ་འབྱོར་ལ་རེ་བ་མ་བཅངས། །

མཐོན་པོ་གོ་གནས་ལ་འདུན་པ་མ་གཏད། །

བཅོན་མིན་འཛུམ་དཀར་གྱིས་གྲོགས་སུ་བསུས་པའི། །

མཛའ་མཐུན་རོགས་ལོ་ཁྱོད་སྲོག་གི་ཕྱེད་ཡིན། །

བཙན་པོའི་བཀའ་ཁྲིམས་ཀྱིས་ལྷན་དུ་མ་བསྒྲིགས། །

སྔོན་མའི་ལས་འབྲས་ཀྱིས་མཉམ་དུ་བསྐོས་ཤིང་། །

ཁྲེལ་གཞུང་ཕྱི་ཐག་གི་བཞུར་རྒྱུན་རིང་བའི། །

ལས་ཀྱི་བྱམས་པ་ཁྱོད་གཏན་གྱི་རོགས་ཡིན། །

འཇིག་རྟེན་འཁོར་བ་འདི་སྐྱིད་རེས་སྡུག་རེས། །

ཕལ་བའི་སེམས་པ་འདི་དགའ་རེས་སྐྱོ་རེས། །

མ་བསམ་སྟེས་དབང་གིས་མཉམ་དུ་འཛོམས་པའི། །

དགའ་ཡ་སྡུག་རོགས་ཀྱི་བྱམས་པ་ཁྱོད་ཡིན། །

གཏན་དུ་འགྲོག་བསམ་གྱི་ཐུགས་འདུན་མེད་ན། །

བཅོས་མའི་འཛུམ་དཀར་གྱི་བསུ་མ་མི་དགོས། །

ཁྲེལ་གཞུང་ཕྱི་ཐག་གི་རྒྱུན་མཐའ་རིང་ན། །

མི་ཚེ་སྐྱེལ་རོགས་ཀྱི་འཁྲི་ཤིང་ཁྱོད་ཡིན། །

ཕྱི་མི་སྡེ་ཆེན་གྱི་ཕྲག་དོག་མ་མཛད། །

ནང་མི་ཕ་མ་ཡིས་བཀའ་ཁྲིམས་མ་འཇོག །

ཡུན་ཐུང་མི་ཚེ་ཡི་གཏམ་རྒྱུད་ཁྲོད་ནས། །

རང་དབང་འཚོ་བ་ཡི་དགའ་སྟོན་རོལ་དགོས། །

རང་མཐུན་བརྩེ་བ་ཡི་ལག་འཇུ་མ་ལྷོད། །

ཚིག་གསུམ་དམ་བཅའ་ཡི་རི་མོ་ངས་འབྲི། །

མི་འགྱུར་དུང་སེམས་ཀྱི་འདུད་པ་མ་འགྲོལ། །

ལས་ཀྱི་ལྷ་སྐལ་ལ་སྐྱབས་འཇུག་ཞུ་ཡོང་། །

དང་པོ་གཞོན་དུས་ཀྱི་མཛའ་བརྩེ་དྭངས་མ། །

ཆུ་དང་འོ་མ་ཡི་ལང་ཚོ་འདྲེས་འདྲ། །

སྔོན་མའི་ལས་དབང་གིས་བསྐོས་པ་མིན་ན། །

འཕྲལ་གྱི་སྒྱུ་མ་ཡིས་ཕྱེ་ཐབས་མི་འདུག །

ཆར་སྤྲིན་ཐར་ཐོར་གྱི་དགུང་སྔོན་ཀློང་ནས། །

བཅོས་མིན་ཟླ་གཞོན་གྱི་འཛུམ་དཀར་གྲོལ་ན། །

ཟང་ཟིང་འཁོར་བ་ཡི་སྐྱེད་ཚལ་འདི་ནས། །

སྐྱིད་སྣང་ཀུ་མུད་ཀྱི་འདབ་སྟོང་གྲོལ་ཡོང་། །

ངང་ངུར་བྱ་ཁྱུ་ཡིས་མཚོ་མཐར་སྐོར་ཞིང་། །

ཤྭ་བ་རི་དྭགས་ཀྱིས་རྫ་ལམ་འགྲིམ་དུས། །

མཐིང་སྨུག་སྦྲ་ནག་གི་ལྷས་འདབས་ཤིག་ནས། །

བརྩེ་བའི་རོགས་ལོ་དང་ཆུང་ནས་འདྲིས་ཡོད། །

གྱི་ལིང་འདོ་བ་ཡི་གོང་ལ་བུད་དེ།

གཡང་མོ་ལུག་ཁྱུ་ཡི་མུ་ཏིག་བརྡལ་ནས། །

ཐུལ་དཀར་འབྲི་མོ་ཡི་རྨིག་རྗེས་སྙེག་དུས། །

ལས་ཀྱི་བྱམས་པ་དང་རྩེད་རྡོ་བསྒྲིགས་ཡོད། །



  • ལེ་ཚན་སྔོན་མ།:དབྱར་གཞུང་གི་མགྱོགས་བྲིས།
  • ལེ་ཚན་རྗེས་མ།:སྒྱུ་འཕྲུལ་གྱི་མེ་ལོང་།