ཀུ་ཤུ་དམར་པོས་ཡུལ་སྡེ་དར་རྒྱས་ཀྱི་ལམ་བུར་འོད་སྣང་བསྩལ།

རྟ་མགྲིན་རྡོ་རྗེས་བསྒྱུར།        2022-08-10

ཀུ་ཤུ་དམར་པོས་ཡུལ་སྡེ་དར་རྒྱས་ཀྱི་ལམ་བུར་འོད་སྣང་བསྩལ།
གྲོང་མི་ཚོས་ཤིང་ཏོག་ར་བར་ལས་ཀ་སྒྲུབ་བཞིན་པའི་ཚུལ།

དབྱར་གཞུང་གི་མཐོ་སྒང་སྔོ་ལྗང་ལྗོན་པས་བརྒྱན་ཞིང་རི་ཆུའི་བཀོད་པ་ལྷག་ཏུ་མཛེས། རྟའུ་རྫོང་སྦར་ཞབས་གྲོང་རྡལ་བྲག་དཀར་གྲོང་ཚོའི་ཀུ་ཤུའི་སྡོང་པོའི་སྟར་ཕྲེང་འགྲིག་ཅིང་ཤིང་སྡོང་གི་ཡལ་གར་འབྲས་བུའི་སྐྱེ་ཚུལ་ལེགས། གྲོང་མི་ཚོས་ཤིང་འབྲས་བསལ་བ་དང་འགྱིག་ཤོག་གིས་གཡོག་བཞིན་འདུག་པས་ཀུ་ཤུ་ལྡུམ་རའི་ནང་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར།

ཀུ་ཤུ་ལྡུམ་རའི་ནང་ལས་ལ་བྲེལ་བཞིན་པའི་བྲག་དཀར་གྲོང་ཚོའི་ཏང་ཀྲི་པུའུ་ཡི་ཧྲུའུ་ཅི་བསོད་ནམས་བསྟན་འཛིན་གྱིས་ན་ནིང་འབྲས་བུ་ཐོག་མ་སྨིན་པས་ཤིང་འབྲས་ལྡུམ་རར་ཕན་འབྲས་བཟང་པོ་ཐོན་འདུག། གྲོང་མི་ཚོ་དགའ་པོ་བྱུང་ལ་ངའང་བློ་བདེ་པོ་བྱུང་ཞེས་བཤད།

བྲག་དཀར་གྲོང་ཚོ་ནི་སྦར་ཞབས་གྲོང་རྡལ་གྱི་རང་བྱུང་གྲོང་ཚོ་ཞིག་ཡིན་ཅིང་མཚོ་འཕགས་སྨི2890ཡོད་པ་རེད། གྲོང་ཚོ་ཡོངས་ལ་དུད་ཚང92དང་མི་གྲངས355ལ་རྨོ་ཞིང་མུའུ952ཡོད། ས་ཆ་མང་ཆེ་བ་རི་ཁུལ་ཡིན་པས་འབྲུ་རིགས་བཏབ་ཀྱང་ཕན་འབྲས་ཆུང་བ་རེད། བྲག་དཀར་གྲོང་ཚོས་རྫོང་ཨུ་སྲིད་གཞུང་གི་འབོད་སྐུལ་དང་ལེན་གང་ལེགས་བྱས་ནས་དམིགས་བསལ་གྱི་ས་ཁམས་དང་གནམ་གཤིས་ཀྱི་ལེགས་ཆ་བེད་སྤྱད་དེ་ནགས་ལས་དང་ཤིང་འབྲས་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཚན་ཁག་སྟོབས་ཆེ་བ་དང་ཐོན་ལས་དར་རྒྱས་ཡིན་པ། ཞབས་ཞུ་ལེགས་པ། འཚོ་བ་བདེ་སྐྱིད་ལྡན་པ་བཅས་ཀྱི་ཡིད་དུ་འོང་བའི་ཡུལ་སྡེའི་རི་མོ་ཤིག་བྲིས།

བསོད་ནམས་བསྟན་འཛིན་གྱིས་གསར་འགོད་པར་རྫོང་གིས་ཀུ་ཤུའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བའི་འབོད་སྐུལ་བྱས་པ་མ་ཟད་རོགས་སྐྱོར་སྲིད་ཇུས་རབ་དང་རིམ་པ་བཏོན་པས་གྲོང་ཚོའི་འོས་འཚམ་ཡིན་པའི་ཐོན་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཤིག་རྙེད་པ་རེད། ང་ཚོས་ཆ་རྐྱེན་འཛོམས་པའི་རི་ཁུལ་གྱི་ས་ཞིང་ཚང་མ་ལེགས་སྒྲིག་བྱས་ནས་ཚད་ལྡན་ཅན་གྱི་ཀུ་ཤུ་ལྡུམ་ར་བསྐྲུན་རྒྱུ་ཡིན་ཞེས་བཤད།

2019ལོའི་ཟླ་བ་དང་པོར་བྲག་དཀར་གྲོང་ཚོས་ཡུལ་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས“དར་རྒྱས་ཆེན་པོ་ལྔའི”དམིགས་འབེན་བླང་བྱར་དམ་པོར་དམིགས་ནས་གྲོང་མིའི་བསམ་འདུན་བསྡུ་ལེན་གང་ལེགས་བྱས་པའི་རྨང་གཞིའི་ཐོག་གྲོང་ཚོ་ཨུ་ལྷན་གྱིས་གྲོས་བསྡུར་བྱས་པ་བརྒྱུད་ནས་ཀྲི་པུའུ་སྣེ་ཁྲིད་དང་གཅིག་གྱུར་འཆར་འགོད། གཅིག་གྱུར་ཁོད་སྙོམས། གཅིག་གྱུར་འདེབས་འཛུགས་བཅས་ཀྱི་ལག་བསྟར་ཇུས་གཞི་བཟོས་ནས་གྲོང་ཚོ་ཡོངས་ཀྱི་ཏང་མི་དང་མང་ཚོགས་སྒྲིག་འཛུགས་བྱས་ཏེ“སྦར་ཞབས་དམར་པོའི” ཀུ་ཤུ་ལྡུམ་ར་བསྐྲུན་པ་དང་འབྲེལ་བྲག་དཀར་མཉམ་ལས་ཁང་བཙུགས་པ་རེད།

ཀུ་ཤུ་ལྡུམ་རའི་ས་ཞིང་ཁོད་སྙོམས་དང་ཤིང་འབྲས་འདེབས་འཛུགས་བྱེད་པ་ནས་དུས་མཇུག་གི་དོ་དམ་བྱེད་པའི་བར། གྲོང་ཚོ་ཡོངས་ཀྱི་ཏང་མི་དང་མང་ཚོགས་མཉམ་དུ་ཞུགས་པས་གྲོང་མི་ཚང་མ་ཀུ་ཤུའི་ལྡུམ་རའི་གཉེར་སྐྱོང་ནང་ཞུགས་རྒྱུ་མངོན་འགྱུར་བྱུང་ཡོད། ཀུ་ཤུའི་ལྡུམ་རའི་མིང་ལ་སྦར་ཞབས་དམར་པོ་ཞེས་བཏགས་དོན་ནི་སྦར་ཞབས་མི་དམངས་ཀྱི་འབྱུང་འགྱུར་འཚོ་བ་དབྱར་མཚོ་རྒྱས་པ་ལྟར་གོང་འཕེལ་འགྲོ་བའི་དོན་རེད་ཅེས་བསོད་ནམས་བསྟན་འཛིན་གྱིས་དེ་ལྟར་བཤད།

2019ལོར་བྲག་དཀར་གྲོང་ཚོས་རྫོང་ནོར་སྲིད་ཀྱིས་ཞིང་འབྲེལ་བསྡུ་སྒྲིལ་མ་དངུལ་སྒོར་ཁྲི60བཏང་སྟེ་ཆེད་མཁས་པའི་མཛུབ་ཁྲིད་ཞིབ་ཚགས་འོག་མུའུ40ཙམ་ལ་ས་གནས་དེ་གའི་ཀུ་ཤུ་དམར་པོ་བཏབ་པ་དང་ས་གནས་དེ་གའི་མང་ཚོགས་ཀྱི་ཁང་བའི་མདུན་རྒྱབ་ཀྱི་ཤིང་འབྲས་མུའུ50ཙམ་ལ་མཐུད་སྦྱོར་ལེགས་བཅོས་བྱས་པས་ཁྱོན་མུའུ90ལ་ཟིན་ཡོད་པ་རེད། ལོ་གཉིས་ལ་མེ་ཏོག་ཚོད་ལྟ་དང་ལོ་གསུམ་ལ་འབྲས་བུ་ཚོད་ལྟ། ལོ་བཞིར་ཐོན་ཚད་བརྟན་པ། ལོ་ལྔའི་ནང་ཐོན་ལེགས་བཅས་ཀྱི་སྔོན་དཔག་དམིགས་འབེན་གཞིར་བཟུང་ནས། ན་ནིང་བྲག་དཀར་གྲོང་ཚོའི་ཤིང་འབྲས་ལ་འབྲས་བུ་ཐོག་མ་བཏགས་པ་དང་ད་ལོ་ནས་བཟུང་ཁྱོན་ཡོངས་ནས་འབྲས་བུ་འདོགས་པ་རེད།

བསོད་ནམས་བསྟན་འཛིན་གྱིས་ད་ལྟའི་འབྲས་བུ་ཐོགས་ཚུལ་ལ་བལྟས་ན་འདི་ལོའི་ཐོན་འབབ་ཉུང་མཐར་ཡང་སྤྱི་རྒྱ་ཁྲི3ཡན་ལ་ཟིན་པ་དང་ཡོང་འབབ་སྒོར་ཁྲི50ཡས་མས་ཡོད་རྒྱུ་རེད། ཀུ་ཤུའི་ཐོན་ལས་དར་བས་ས་ཞིང་བེད་མེད་དུ་བསྐྱུར་བའི་གནད་དོན་ཐག་གཅོད་བྱས་པར་མ་ཟད་ད་དུང་གྲོང་ཚོ་སྔོ་འགྱུར་དང་གྲོང་མི་ཕྱུག་པོ་ཆགས་ཡོད་ཅེས་བཤད།

ན་ནིང་བྲག་དཀར་མཉམ་ལས་ཁང་རྟའུ་རྫོང་ཞིང་ལས་ཁྱད་ལྡན་ཐོན་རྫས་ལས་སྣོན་གླིང་དུ་ཞུགས་པས་རྫོང་ཡོངས་ཀྱི་ཞིང་ལས་ཁྱད་ལྡན་ཐོན་རྫས་ལས་སྣོན་གླིང་དུ་ཞུགས་པའི་དབུལ་ཐར་གྲོང་ཚོའི་ཞིང་པའི་མཉམ་ལས་ཁང་གཅིག་པུར་གྱུར། ཐུན་མོང་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་པའི་མ་དངུལ་སྒོར་ཁྲི100བཏང་ནས་ཞིང་ལས་ཁྱད་ལྡན་ཐོན་རྫས་ལས་སྣོན་གླིང་ཁུལ་གྱི་སྨི་ངོས་གྲུ290ལྷག་ཙམ་གྱི་བཟོ་ཁང་འཛུགས་སྐྲུན་དང་སྲོ་སྐམ། གཏུབ་ལེབ་སྒྲིག་ཆས་ཉོ་སྒྲུབ་བྱེད་པ། ཐུམ་སྒྲིལ་ཇུས་འགོད་དང་བཟོ་སྐྲུན། ཚོང་རྟགས་ཐོ་འགོད་བཅས་བྱས་པ་དང་། རྫོང་རིམ་པའི་སྲིད་གཞུང་གི་ཞིང་འབྲེལ་མ་དངུལ་སྒོར་ཁྲི120བསྡུ་སྒྲིལ་བྱས་ནས་འཁྱག་མཛོད་འཛུགས་པ་དང་འཁྱག་སྦྲེལ་ཟོག་འགྲེམས་རླངས་འཁོར་གཉིས་ཉོ་སྒྲུབ་བྱས་ཡོད། ད་ལོ་རྫོང་རིམ་པའི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་ཡུལ་སྡེ་དར་རྒྱས་འབྲེལ་མཐུད་མ་དངུལ་སྒོར་ཁྲི63བཏང་ནས་བཟོ་ཁང་གི་གློག་གཏོང་སྐུད་ལམ་དང་ཆུ་འདོན་ཆུ་འབུད་མདོང་ལམ། ཐོན་རྫས་འགྲེམས་ཚོང་ཚོམས་ཆེན་སོགས་ལེ་ལག་ཚང་བའི་ཞོར་གཏོགས་སྒྲིག་ཆས་བསྐྲུན་ཏེ་ཟླ་བ་དགུ་པའི་ཟླ་དཀྱིལ་དུ་ཀུ་ཤུ་སྨིན་སྐབས་དངོས་སུ་ཐོན་སྐྱེད་བྱེད་འགོ་ཚུགས་རྒྱུ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། དུས་འགོའི་སྒྲོམ་གཞིའི་གྲོས་མཐུན་ལ་གཞིགས་ནས་བྲག་དཀར་མཉམ་ལས་ཁང་གིས་སྔོན་དཔགས་བྱས་པ་ལྟར་ན་ད་ལོ་གྲོང་རྡལ་དེའི་ཁོངས་གཏོགས་ཁུལ་དང་དེ་བཞིན་ཉེ་འཁོར་གྱི་ཡུལ་ཤོག་དང་གྲོང་རྡལ་ནས་ཁྱོན་ཀུ་ཤུ་རྒྱ་མ་ཁྲི40ཡས་མས་ཉོ་སྒྲུབ་བྱེད་ཐུབ་པ་དང་ཀུ་ཤུ་སྐམ་པོ་སྤྱི་རྒྱ་ཁྲི8ཙམ་ལས་སྣོན་བྱ་ཐུབ་རྒྱུ་རེད། ཤར་ནུབ་རྒྱུད་ཀྱི་མཉམ་ལས་ཡི་ཉོ་ཚབ་ཞལ་འདེབས་སྲིད་ཐུས་རྒྱབ་སྐྱོར་འོག་ཕལ་ཆེར་ཤིང་འབྲས་སོས་པ་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི20ལྷག་ཙམ་ལ་ཟིན་པ་དང་ཀུ་ཤུ་སྐམ་པོ་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི160ལ་ཟིན། ཀུ་ཤུ་ཉོ་སྒྲུབ་མ་གནས་དང་ལས་སྣོན་འགྲོ་གྲོན་སོགས་ཀྱི་འགྲོ་གྲོན་ཕུད་རྗེས་ཡོང་འབབ་ཁེ་གཙང་སྒོར་ཁྲི34ལྷག་ཟིན་པ་དང་བྲག་དཀར་གྲོང་ཚོའི་མི་རེར་ཆ་སྙོམས་འབབ་འཕར་སྒོར940ལ་ཟིན་རྒྱུ་རེད།

སྦར་ཞབས་གྲོང་རྡལ་གྱི་འབྲེལ་ཡོད་འགན་འཁུར་བ་བློ་ཡིད་ཚིམ་པོས་ཕྱིན་ཆད་ང་ཚོས་ཁོངས་གཏོགས་ཁུལ་གྱི་སྲིད་འཛིན་གྲོང་ཚོ་ཡོངས་ཀྱི་ཐོན་ལས་རོགས་སྐྱོར་ཐེབས་རྩ་སྡེབ་སྒྲིག་བྱས་ནས། རྐང་དབང་ཚད་འབེབས་དང་ཚོགས་ཞུགས་དྲོད་ལེན་གྱི་བྱ་ཐབས་བརྒྱུད་ནས་སྦར་ཞབས་དམར་པོའི་ཀུ་ཤུ་ལྡུམ་ར་སྔར་བས་རྒྱས་སྐྲུན་བྱས་ཏེ་ཞིབ་ཚགས་ཅན་དང་ཚད་ལྡན་ཅན་གྱི་ཡུག་འབྲེལ་གཞི་ཁྱོན་ལྡན་པ་བྱས་ནས། ས་གནས་དེ་གའི་ཀུ་ཤུ་དམར་པོ་མུའུ1300ཡན་བཙུགས་ནས་ཀུ་ཤུའི་ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་སྟེ་གྲོང་རྡལ་ཡོངས་ཀྱི་གཙོ་ཁྲིད་ཐོན་ལས་སུ་སྐྱེད་སྲིང་བྱེད་པ་དང་། མ་འོངས་པར་ཀུ་ཤུ་ལྡུམ་ར་དེ་རྫོང་ཁོངས་ཀྱི་ཐོན་རྫས་རིན་ཐང་ཁྲི་སྟོང་ལ་ཟིན་པའི་ཀུ་ཤུ་ལྡུམ་ར་གཅིག་པུར་ཆགས་པ་བྱ་རྒྱུ་ཡིན་ཞེས་བཤད་དོ།།



  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་ལོ་སྟོད་དུ་བཟོ་ལས་ཅུང་མགྱོགས་མྱུར་ངང་འཕར་བའི་གནས་བབ་རྒྱུན་བསྐྱངས་ནས་བསྟུད་མར་ཟླ་བ་གཉིས་རིང་ཞིང་ཆེན་ཡོངས་ཀྱི་ཨང་དང་པོར་སླེབས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།