བདེ་ཆེན་གྱིས་བསྒྱུར། 2022-08-09
སྤྱི་ཟླ7པའི་ཚེས26ནས27ཉིན་བར། ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པ་གཙོ་བོའི“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པར་བསུ་བ་ཞུ་བའི”ཆེད་དོན་བགྲོ་གླེང་འཛིན་གྲྭ་པེ་ཅིང་དུ་བཙུགས་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།
ད་ལོའི་ལོ་སྨད་དུ་ང་ཚོའི་ཏང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་རྒྱུ་རེད། དེ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་བསྐྲུན་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་བསྐྱོད་པའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་ཆེན་ཞིག་ཡིན་ཞིང་། འབྱུང་འགྱུར་ལོ་ལྔ་དང་ཐ་ན་དུས་ཡུན་དེ་བས་རིང་བའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་དམིགས་འབེན་ལས་འགན་དང་སྲིད་ཆེན་བྱེད་ཕྱོགས་ཚན་རིག་དང་མཐུན་པའི་སྒོ་ནས་ཇུས་འགོད་བྱ་དགོས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་སྔ་འཛིན་ཕྱི་གཏོད་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མདུན་ལམ་དང་ལས་དབང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བ་བཅས་དང་འབྲེལ་ཡོད་པ་རེད།
བྱ་གཞག་རླབས་པོ་ཆེ་བསྐྱར་དར་ཡོང་བའི་ལེ་ཚན་གསར་པ་གཏོད་དགོས། རྒྱང་སྐྱོད་ཀྱི་ལམ་བུའི་ཐོག་མི་རབས་ནས་མི་རབས་ཀྱིས་མུ་མཐུད་དེ་འབད་འཐབ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཐོག་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་ལ་སྐུལ་འདེད་བཏང་སྟེ་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ལས་དབང་རྩ་བའི་ཐོག་ནས་འགྱུར་ལྡོག་བཏང་བ་དང་འཛམ་གླིང་གི་དེང་རབས་ཅན་གྱི་འཕེལ་རིམ་ལ་ཤུགས་རྐྱེན་ཆེན་མོ་ཐེབས་ཡོད་པ་རེད།
“རྒྱལ་ཁབ་དང་མི་རིགས་འཕེལ་རྒྱས་གཏང་རྒྱུ་དེ་རང་ཉིད་ཀྱི་སྟོབས་ཤུགས་ཀྱི་རྨང་གཞིའི་ཐོག་འཇོག་པ་དང་།ཀྲུང་གོའི་འཕེལ་རྒྱས་དང་ཡར་ཐོན་གྱི་ལས་དབང་དེ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས།”
དེང་རབས་ཅན་ནི་འཛམ་གླིང་རང་བཞིན་གྱི་འཕེལ་ཕྱོགས་ཤིག་ཡིན་ལ། ཀྲུང་གོའི་མི་རབས་ཁ་ཤས་ཀྱིས་ཕུགས་འདོད་སྤྱི་ཚོགས་ལ་བཅངས་པའི་རེ་བ་ཡང་ཡིན།
2020ལོའི་སྤྱི་ཟླ10པར་ཀོང་ཏུང་དུ་རྟོག་ཞིབ་གནང་བཞིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྲན་ཐོའུ་རུ་ཕེབས་པ་རེད། ཧྲན་ཐོའུ་ཁའེ་པུའུ་རིག་གནས་བཤམས་སྟོན་ཁང་དུ་ཕེབས་ནས་སྤྱི་ཁྱབ་ཧྲུའུ་ཅིས་སུན་ཀྲུང་ཧྲན་གྱི《རྒྱལ་འཛུགས་མཛད་ཇུས》ཀྱི་འབྲེལ་ཡོད་འཆར་འགོད་པར་རིས་ལ་ཅེ་རེས་གཟིགས་ནས“ང་ཚོ་ཀྲུང་གོ་གུང་ཁྲན་ཏང་མི་ཁོ་ནས་མངོན་འགྱུར་ཐུབ་སོང”ཞེས་མྱོང་ཚོར་ཟབ་མོའི་སྒོ་ནས་དེ་ལྟར་གསུངས་པ་རེད།
དཀའ་བ་དང་དུ་བླངས།། ངལ་བ་ཁྱད་དུ་བསད།། རང་རྒྱལ་ལྟ་བུའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་འདི་འདྲ་ཞིག་ཏུ་དེང་རབས་ཅན་མངོན་འགྱུར་བྱེད་པར་སྔ་དཔེ་ལྟ་ས་མེད་པ་དང་འགྲོ་ཆོག་ཆོག་གི་འགྲོ་ལམ་མེད་པས། རྒྱུན་ཆད་མེད་པར་འཚོལ་ཞིབ་དང་རང་ཉིད་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུར་རྒྱུན་འཁྱོངས་པ་ལས་འོས་མེད།
“འཛམ་གླིང་ཐོག་གཏན་འཁེལ་བའི་དེང་རབས་ཅན་གྱི་མ་དཔེ་མེད་ལ། འཛམ་གླིང་ཡོངས་ལ་འཕྲོད་པའི་དེང་རབས་ཅན་གྱི་ཚད་གཞི་ཞིག་ཀྱང་མེད།”
“འགྲོ་བ་མིའི་ལོ་རྒྱུས་ཐོག་ཕྱི་ཕྱོགས་ཀྱི་སྟོབས་ཤུགས་ལ་བརྟེན་པ་དང་གཞན་གྱི་རྗེས་སུ་འབྲངས་ནས་ལད་མོ་བྱས་ཏེ་སྟོབས་འབྱོར་མངའ་ཐང་རྒྱས་པའི་མི་རིགས་ཤིག་དང་རྒྱལ་ཁབ་ཤིག་རྩ་ནས་མེད།”
“ཀྲུང་གོའི་མངའ་ཁོངས་རྒྱ་ཆེ་ཞིང་མི་གྲངས་མང་བས།འཕེལ་རྒྱས་དང་དར་རྒྱས་གཏོང་འདོད་ན་ཆེས་གལ་ཆེ་བ་ནི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞི་ཚུགས་ནས་རང་ཉིད་ཀྱི་ལམ་བུར་བསྐྱོད་རྒྱུ་དེ་རེད།”
ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་པོར་དམིགས་པ་ན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེ་ལྟར་བསམ་གཞིག་ཟབ་མོ་གནང་ཡོད།
ཁ་ཕྱོགས་ཀྱིས་འགྲོ་ལམ་གཏན་འཁེལ་དང་འགྲོ་ལམ་གྱིས་ལས་དབང་གཏན་འཁེལ་བྱེད་ཀྱི་ཡོད། “ང་ཚོས་སྐུལ་སྤེལ་གཏོང་བའི་དེང་རབས་ཅན་ནི་ཀྲུང་གོའི་གུང་ཁྲན་ཏང་གིས་མགོ་ཁྲིད་བྱེད་པའི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཡིན་པས། ངེས་པར་དུ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མཐའ་འཁྱོངས་བྱས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ལ་སྐུལ་འདེད་གཏང་དགོས། བཀག་སྡོམ་མཁྲེགས་འགྱུར་གྱི་ལམ་རྙིང་པར་བསྐྱོད་མི་རུང་ལ། དར་ཆ་བརྗེ་སྒྱུར་གྱི་ལོག་ལམ་དུའང་བསྐྱོད་མི་རུང་། རྒྱལ་ཁབ་དང་མི་རིགས་ཀྱི་འཕེལ་རྒྱས་དེ་རང་ཉིད་ཀྱི་སྟོབས་ཤུགས་རྨང་གཞིའི་ཐོག་གཞག་རྒྱུར་མཐའ་འཁྱོངས་ཤིང་། ཀྲུང་གོ་འཕེལ་རྒྱས་ཡར་ཐོན་ཡོང་བར་བྱེད་པའི་ལས་དབང་དེ་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས།” ཞིང་ཆེན་དང་པུའུ་རིམ་པའི་མགོ་ཁྲིད་ལས་བྱེད་པ་གཙོ་བོའི“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པར་བསུ་བ་ཞུ་བའི”ཆེད་དོན་བགྲོ་གླེང་འཛིན་གྲྭའི་ཐོག་སྤྱི་ཁྱབ་ཧྲུའུ་ཅིས་ཟབ་གནད་ཀྱིས་དེ་ལྟར་བསྟན།
“ཀྲུང་གོས་དེང་རབས་ཅན་མངོན་འགྱུར་བྱེད་པར་གང་ས་ཅི་ཐད་ནས་དར་རྒྱས་ཕུན་སུམ་ཚོགས་པོ་ཡོང་དགོས།”
རྒྱལ་ཁབ་ཤིག་བསྐྱོད་པའི་བགྲོད་ལམ་འགྲིག་མིན་གྱི་འགག་རྩ་ནི་རང་གི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་མིན་དང་། དུས་རབས་འཕེལ་རྒྱས་འགྲོ་བའི་རླབས་རྒྱུན་དང་འཚམ་མིན། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཡར་ཐོན། དམངས་འཚོ་ལེགས་བཅོས། སྤྱི་ཚོགས་བརྟན་ལྷིང་བཅས་ཡོང་ཐུབ་མིན། མི་དམངས་ཀྱི་རྒྱབ་སྐྱོར་དང་བརྩི་བཀུར་ཐོབ་མིན། འགྲོ་བ་མི་ཡར་ཐོན་ཡོང་བའི་བྱ་གཞག་ལ་ལེགས་སྐྱེས་འབུལ་ཐུབ་མིན་བཅས་ལ་བལྟ་དགོས།
འབྱོར་འབྲིང་གི་ཕུགས་འདུན་མངོན་དུ་གྱུར་ཅིང་། ཡུལ་གྲུ་ཀུན་ལ་འཕོ་འགྱུར་ཆེན་པོ་བྱུང་ཞིང་། ཡུལ་སྡེ་དར་ཞིང་རྒྱས་པས་མི་རྣམས་ཀྱི་འཚོ་བ་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་ཡོད། གཡུ་ཆུ་འབྲུག་བཞིན་འཁྱིལ་ལ་ནགས་ཀློང་གཅིག་ཏུ་འབྲེལ་ཞིང་། རི་བོ་སྔོ་ཞིང་ནགས་ཚལ་སྟུག་པས་མི་དང་རང་བྱུང་ཞི་མཐུན་མཉམ་གནས་ཀྱི་རི་མོ་མཛེས་ཆེན་ཞིག་དལ་བུར་བདལ། ཀྲོའུ་རུང་རྟགས་ཅན་གྱི་མིག་དམར་འཁོར་གཟའ་མིག་དམར་དུ་བསྐྱོད་པ་དང་། མཚོ་འབྲུག་རྟགས་ཅན་གྱི་བྱིང་གྲུ་མཚོ་རུ་ཞུགས་པ། ལེའུ་དགུའི་ཚད་རྡུལ་རྩིས་འཕྲུལ་བཟོས་པས་ཚན་རྩལ་གསར་གཏོད་ཀྱི་སྟོབས་ཤུགས་རབ་ཏུ་ཆེ། ཁྱབ་ཁོངས་ཁག་ལ་ཀ་བཞི་གདུང་བརྒྱད་ངོ་བོ་གནས་པའི་རྨང་གཞི་རང་བཞིན་གྱི་ལམ་ལུགས་སྒྲོམ་གཞི་རགས་ཙམ་བཙུགས་ཡོད། “ཀྲུང་གོའི་བཅོས་སྐྱོང”ལ་སྐྱེ་སྟོབས་དང་གསོན་ཤུགས་ཆེན་པོ་རྒྱས་ཡོད། དུས་རབས་གསར་པའི་ལོ་བཅུའི་ནང་གི་བཅོས་བསྒྱུར་རླབས་པོ་ཆེ་དེ་ང་ཚོའི་འགྲམ་དུ་བྱུང་བ་དང་།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཆར་འགོད་རིམ་པར་མངོན་དུ་འགྱུར་བཞིན་ཡོད།
“རང་རྒྱལ་གྱི་དེང་རབས་ཅན་ནི་མི་འབོར་གཞི་ཁྱོན་ཧ་ཅང་ཆེ་བའི་དེང་རབས་ཅན་དང་། མི་དམངས་ཚང་མ་ཐུན་མོང་ཐོག་ཕྱུག་འབྱོར་ཡོང་བའི་དེང་རབས་ཅན་དང་། དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་ཕན་ཚུན་མཐུན་སྦྱོར་ཡིན་པའི་དེང་རབས་ཅན། མི་དང་རང་བྱུང་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན། ཞི་བདེ་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་པའི་དེང་རབས་ཅན་བཅས་ཡིན་པ་རེད།”ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཕྱོགས་ལྔའི་ཁྱད་ཆོས་རྒྱས་བཤད་གཏིང་ཟབ་གནང་བ་རེད།
“ཀྲུང་གོས་དེང་རབས་ཅན་མངོན་འགྱུར་བྱེད་པར་ཕྱོགས་གང་ས་ཅི་ཐད་ནས་དར་རྒྱས་ཕུན་སུམ་ཚོགས་པོ་ཡོང་བ་བྱ་དགོས།”ཀྲུང་གོ་གསར་པ་བཙུགས་པ་དང་ལྷག་པར་དུ་བཅོས་བསྒྱུར་སྒོ་འབྱེད་ནས་བཟུང་ཡུན་རིང་འཚོལ་ཞིབ་དང་ལག་ལེན་བྱས་པའི་རྨང་གཞིའི་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རིགས་པའི་གཞུང་ལུགས་དང་ལག་ལེན་ཐད་གསར་གཏོད་འགག་སྒྲོལ་བྱས་པར་བརྒྱུད།ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་བདེ་བླག་ངང་སྐུལ་འདེད་དང་རྒྱ་སྐྱེད་བཏང་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་ཞིང་། དངོས་པོའི་དཔལ་ཡོན་དང་། ཆབ་སྲིད་དཔལ་ཡོན། བསམ་པའི་དཔལ་ཡོན། སྤྱི་ཚོགས་དཔལ་ཡོན། སྐྱེ་ཁམས་དཔལ་ཡོན་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལམ་བུ་གསར་པ་བཏོད་ནས་འགྲོ་བ་མིའི་དཔལ་ཡོན་གྱི་གནས་བབ་གསར་པ་བཏོད་ཡོད”ཅེས་གསུངས་པ་རེད།
“ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལམ་བུ་གསར་པར་ཇི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཡངས་ཤིང་རྒྱ་ཆེ་རུ་ཕྱིན་ནས་རང་ངོས་འཕེལ་རྒྱས་དང་འཛམ་གླིང་ལ་བདེ་སྐྱིད་བསྐྲུན་རྒྱུ་རེད།”
འཛམ་གླིང་ཁ་ཕྱོགས་གང་དུ་འགྲོའམ། ཞི་བདེ་ཡིན་ནམ་དམག་འཁྲུག་ཡིན། འཕེལ་རྒྱས་ཡིན་ནམ་ཉམས་རྒུད་ཡིན། སྒོ་འབྱེད་ཡིན་ནམ་བཀམ་སྡོམ་ཡིན། མཉམ་ལས་ཡིན་ནམ་ཁ་གཏད་ཡིན།
འཛམ་གླིང་གི་འགྱུར་ལྡོག་དང་བསྟུན་ནས་དུས་རབས་ཀྱི་དྲི་བར་ལན་བཏབ་པ་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགྲོ་བ་མིའི་གཅིག་མཐུན་འདུས་གྲུབ་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་དང་། འགྲོ་བ་མིའི་ཐུན་མོང་རིན་ཐང་དར་སྤེལ་གཏོང་བ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་གཞི། གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ་སོགས་ཀྱི་བསམ་བློའི་འདུ་ཤེས་གལ་ཆེན་བཏོན་ནས། གོ་ལ་ཧྲིལ་པོའི་གནད་དོན་ཐག་གཅོད་བྱ་ཆེད་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་གནང་སྟེ་འཛམ་གླིང་མཛེས་སྡུག་ལྡན་པ་ཞིག་ཐུན་མོང་ཐོག་སྐྲུན་ཆེད་ཀྲུང་གོའི་བློ་རིག་མཁོ་འདོན་བྱས་ཡོད་པ་རེད།
ལོ་རྒྱུས་ཀྱི་ཡང་དག་པའི་ཁ་ཕྱོགས་སུ་ལངས་པ་དང་འགྲོ་བ་མིའི་ཡར་ཐོན་ཡོང་བའི་ཕྱོགས་སུ་ལངས་ཤིང་། ང་ཚོས་འབད་འཐབ་བྱས་པ་དེས་རང་ཉིད་ཀྱི་ལས་དབང་ལ་འགྱུར་ལྡོག་བཏང་བར་མ་ཟད། འཛམ་གླིང་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་གནས་སྟངས་ལའང་ཤུགས་རྐྱེན་ཐེབས་ཡོད་པ་རེད།
མཁས་དབང་ལ་ལས་འགྲོ་བ་མི་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་པའི་ལོ་རྒྱུས་ཀྱི་གློག་བརྙན་ཆེན་པོའི་ནང་། སྔོན་ཆད་འཁྲབ་སྟོན་བྱས་པ་ཚང་མ་ནི་རྒྱལ་ཁབ་ཆེན་པོ་དར་རྒྱས་འབྱུང་བའི“གཅིག་ཡ་གཅིག་ལངས”ཀྱི་ཞི་མཐུན་མེད་པའི་ལམ་བུ་ཡིན་ཞིང་།ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལམ་བུ་ནི“མཛེས་སྡུག་མཉམ་གནས་དང་གནམ་འོག་སྤྱི་སྙོམས་ཆེན་པོའི”གཉིས་ཕན་གྱི་ལམ་བུ་ཞིག་རེད་ཅེས་བཤད་མྱོང་ཡོད།
“ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགྲོ་ལམ་དུ་བསྐྱོད་ཐུབ་ཡོད་ཅིང་།འགྲོ་བ་མིའི་དཔལ་ཡོན་རྣམ་པ་གསར་པ་བཏོད་པ་རེད། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དེང་རབས་ཅན་གྱི་ཕྱོགས་སུ་བསྐྱོད་པའི་ཐབས་ལམ་རྒྱ་ཆེར་བཏང་སྟེ། འཛམ་གླིང་ཐོག་གི་འཕེལ་རྒྱས་མགྱོགས་སུ་གཏང་རྒྱུའི་རེ་བ་བྱེད་ལ་རང་ཉིད་ཀྱི་རང་ཚུགས་རང་བཞིན་རྒྱུན་འཁྱོངས་ཐུབ་རེ་བྱེད་པའི་རྒྱལ་ཁབ་དང་མི་རིགས་ལ་གདམ་ག་གསར་པ་མཁོ་འདོན་བྱས་ཡོད།”ཅེས་པའི་ཆོད་གཏམ་གལ་ཆེན་དེ་ལོ་བརྒྱའི་རིང་གི་ཏང་གི་ལོ་རྒྱུས་ཀྱི་གྲོས་ཆོད་གསུམ་པའི་ནང་བཞག་ཡོད་པ་རེད།
ལོ་རྒྱུས་ཀྱི་རླབས་རྒྱུན་དྲག་ཏུ་འཕྱུར་ཞིང་། བསྐྱར་དར་ཁྲོད་ཀྱི་མི་རིགས་དང་མདུན་དུ་སྐྱོད་བཞིན་ཡོད་པའི་ཀྲུང་གོའི་གོམ་སྟབས་རབ་ཏུ་བརྟན། ང་ཚོ་རང་ཉིད་ཀྱི་ལམ་བུར་བསྐྱོད་པར་གར་སྟེགས་ཧ་ཅང་རྒྱ་ཆེན་པོ་དང་། ལོ་རྒྱུས་ཀྱི་ནང་དོན་ཕུན་སུམ་ཚོགས་པ། མདུན་སྐྱོད་ཀྱི་བརྟན་ཤུགས་ཚད་མེད་པ་བཅས་ཡོད་དོ།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10