ཨོ་ཐོག་གནའ་བྲོ་དང་དམིགས་བསལ་གྱི་ལོ་རྒྱུས་ཚན་པ་ཞིག།

        2022-08-09

ཨོ་ཐོག་གནའ་བྲོ་དང་དམིགས་བསལ་གྱི་ལོ་རྒྱུས་ཚན་པ་ཞིག།

  ཁམས་ཉག་ཆུའི་ཨོ་ཐོག་ཡུལ་ན་གནའ་བྲོ་རིག་གནས་དང་འབྲེལ་བའི་དམིགས་བསལ་གྱི་ལོ་རྒྱུས་ཚན་པ་ཞིག་ཡོད་དེ། དུས་རབས་བཅོ་བརྒྱད་པའི་དུས་མགོ་ཙམ་ནས་སྤྱི་ལོ༡༧༠༨ཡས་མས་ཀྱི་སྐབས་སུ། ཨོ་ཐོག་གཅིག་གྱུར་གྱི་དཔོན་རབས་དང་པོ་ཝ་ཤུལ་དུ་རལ་ཐའི་ཇི་ནས། དཔོན་རབས་མང་པོ་ཞིག་གི་རིང་ལ་གནའ་བྲོ་གཙིགས་ཆེན་དང་མཐོང་ཆེན་གནང་ཡོད་ལ། སྒོས་སུ་ཨོ་ཐོག་དཔོན་རབས་བཞི་པ་དང་ལྔ་པ་དྲུག་པ་དང་བདུན་པ་བརྒྱད་པ་བཅས་ཀྱི་རིང་ལ་གནའ་བྲོ་དར་ཁྱབ་ཆེ་ཞིང་གནའ་བྲོ་རྒྱུན་འཛིན་དང་དར་སྤེལ་ཧ་ཅང་རྒྱ་ཆེན་མཛད་ཡོད་དེ། སྐབས་དེ་དུས་ཨོ་ཐོག་དཔོན་ཚང་གི་བཀོད་སྒྲིག་འོག་ཆེད་དུ་གནའ་བྲོ་རུ་ཁག་ཅིག་གསོ་སྐྱོང་གནང་མྱོང་བར་མ་ཟད། དཔོན་པོ་རྣམས་ཀྱང་དམངས་ཁྲོད་དུ་ཕེབས་ཏེ་མང་ཚོགས་དང་ལྷན་དུ་བྲོ་གར་ལ་བྱོན་པའི་ལོ་རྒྱུས་མང་པོ་ཡོད། ཨོ་ཐོག་དཔོན་རྒྱུད་ཀྱི་དུས་ཆེན་ཁག་ལ་དཔོན་པོ་ཁོང་དབུ་བཞུགས་ཐོག་ཨོ་ཐོག་གནའ་བྲོ་དྲུག་བྲོ་མའི་བྲོ་མཆོད་སྔོན་དུ་བཏང་ནས་ས་གནས་དེ་གའི་བྲོ་གར་སྒྱུ་རྩལ་ལ་རོལ་བཞིན་ཡོད་ལ། ཁོང་གི་ཡབ་ཡུམ་གཉིས་ཀྱིས་ཀྱང་ཕན་ཚུན་ནང་ཁུལ་དུ་དྲི་བ་དྲིས་ལན་གྱི་ཚུལ་དུ་ཐད་ཀར་ཁྲིད་པའི་བྲོ་ཚིག་ད་ལྟ་ད་དུང་ཡང་འབྲེལ་ཡོད་མི་སྣ་སྟེ་ཨ་ཚུབ་འཕྲིན་པ་དང་ར་མོ་བསམ་གཏན་སོགས་ཀྱི་ངག་རྒྱུན་ན་ཡོད་པ་འདི་ལྟར།


ཨོ་ཐོག་གནའ་བྲོ་དང་དམིགས་བསལ་གྱི་ལོ་རྒྱུས་ཚན་པ་ཞིག།

           ༡ ཡབ།

གཡུ་འབྲུག་སྔོན་མོ་ཨ་སྔོན་དབྱིངས་སུ་གྲགས། །

སྦྲང་ཆར་ཟིལ་མ་བར་སྣང་ཁམས་ནས་བསིལ། །

སྨོན་ལམ་ཡག་མོ་ཨ་འབྲུ་ནས་ལ་བཏབ། །


དངུལ་འབྱུང་རྒོད་དཀར་བྲག་དཀར་དབྱིངས་སུ་བབས།།

གཤོག་དྲུག་ལེབ་མོ་བྲག་ཤུག་མཚམས་ནས་རྒྱས། །

སྨོན་ལམ་ཡག་མོ་ཉག་ཕྲན་མདའ་ལ་བཏབ། །


འདིར་བཞུགས་རྣམ་པ་བཅོ་བརྒྱད་གཡས་སུ་བཞུགས། །

ཁ་མཚར་རྩེད་མོ་རྩེད་རའི་ནང་ནས་རྩེ། །

སྨོན་ལམ་ཡག་མོ་རྩེད་རའི་ནང་ལ་བཏབ། །


ཨོ་ཐོག་གནའ་བྲོ་དང་དམིགས་བསལ་གྱི་ལོ་རྒྱུས་ཚན་པ་ཞིག།


        ༢ ཡུམ།

གཞས་ཀྱི་དགོང་སྔོན་མཐོན་པོ། །

ཨ་མ་འབྲུག་མོའི་ས་ཆ། །

འགྲིམ་པའི་གསལ་མོ་ཉི་ཟླ། །

རིགས་བཟང་མཁའ་འགྲོའི་གདུང་རྒྱུད། །

སྐར་ཕྲེང་མཐའ་ནས་རྒྱས་དུས། །

དཔའ་བོ་དཔའ་མོའི་བྲོ་ར། །


གཞས་ཀྱི་བྲག་དཀར་མཐོན་པོ། །

ཨ་མ་འབྲུག་མོའི་ས་ཆ། །

འགྲིམ་པའི་དངུལ་འབྱུང་རྒོད་དཀར། །

རིགས་བཟང་མཁའ་འགྲོའི་གདུང་རྒྱུད། །

གཤོག་དྲུག་མཐའ་ནས་རྒྱས་དུས། །

དཔའ་བོ་དཔའ་མོའི་བྲོ་ར། །


གཞས་ཀྱི་བཅོ་བརྒྱད་མཐོན་པོ། །

ཨ་མ་འབྲུག་མོའི་ས་ཆ། །

འགྲིམ་པའི་འདིར་བཞུགས་རྣམ་པ། །

རིགས་བཟང་མཁའ་འགྲོའི་གདུང་རྒྱུད། །

ཁ་མཚར་མཐའ་ནས་རྒྱས་དུས། །

དཔའ་བོ་དཔའ་མོའི་བྲོ་ར། །



  • ལེ་ཚན་སྔོན་མ།:སྡེ་རོང་ཉི་མའི་ལུང་པར། ཕྱོགས་འཆམ་བྱེད་ན་བསམས་བྱུང་།
  • ལེ་ཚན་རྗེས་མ།:ཆེས་ཐོག་མའི་བྲོ་མཆོད་དང་ཨོ་ཐོག་གནའ་བྲོ།