སྡེ་རོང་ཉི་མའི་ལུང་པར། ཕྱོགས་འཆམ་བྱེད་ན་བསམས་བྱུང་།

མི་འཁྱམ་རབ་རྒྱས།        2022-03-01

སྡེ་རོང་ཉི་མའི་ལུང་པར། ཕྱོགས་འཆམ་བྱེད་ན་བསམས་བྱུང་།


     མདོ་དབུས་མཐོ་སྒང་སྟེང་དུ་འཚོ་ཞིང་གནས་པའི་མགོ་ནག་བོད་ཀྱི་མི་རིགས་ནི་སྒྱུ་རྩལ་ལ་དགའ་ཞེན་ཡོད་པ་ཤ་སྟག་ཡིན་པས་གླུ་གར་གྱི་རྒྱ་མཚོ་ཞེས་མིང་དུ་ཐོགས་ཡོད་ལ་དོན་དུ་ཡང་གནས། གནའ་སྲིད་པ་ཆགས་པ་ནས་བཟུང་མཐོ་སྒང་འདི་བདག་དུ་འཛིན་པའི་མི་རྣམས་ཀྱིས་རང་ཉིད་འགྲོ་འདུག་སྤྱོད་གསུམ་དང་བསམ་བློ་འདུ་ཤེས། རིན་ཐང་གི་ལྟ་བ། སྤྱི་ཚོགས་ཀྱི་རྣམ་པ་སོགས་ཕྱོགས་གང་ཐད་ཕྱི་ལ་མངོན་པར་བྱེད་པའི་ཐབས་ཁྱད་པ་ཅན་གླུ་གར་བྲོ་གསུམ་གཙོས་བྱེད་པའི་དམངས་ཁྲོད་རིག་གནས་མང་པོ་རིམ་བཞིན་དར་བ་བྱུང་། དེའི་ནང་གསེས་ཀྱི་དབྱེ་བའང་ནམ་མཁའི་སྐར་ཚོགས་ལས་ཀྱང་གྲངས་འགྲན་ཆོག་པ་ཡོད་ལགས། སྐབས་སུ་བབ་པའི་བཤད་བྱ་ནི་མདོ་སྟོད་མིའི་ཆོལ་ཁའི་ཆར་གཏོགས་སྤོ་འབོར་སྒང་དང་གསེར་ལྡན་འབྲི་ཆུའི་ཉེ་འགྲམ། སྔོན་འབའ་སྡེ་མངའ་རིས་ཞིང་གི་ས་མཚམས་རྩེ་རྒན་བྱི་བ་རྔ་མ་ཞེས་མིང་དུ་གྲགས་པའི་ཡུལ། དེང་དུས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྡེ་རོང་རྫོང་ཝ་ཁ་གྲོང་རྡལ་གནས་ཁྱད་པར་ཅན་འདི་ལ། མེས་པོའི་ངག་ནས་བརྒྱུད་པའི་བཀྲ་ཤིས་ཕྱོགས་འཆམ་ནི་སྔོན་དུས་ཡུན་རིང་པོ་ཞིག་གི་ནང་དུ་ངོ་ལ་སེང་རས་གཡོགས་ནས་ལུང་པ་འདི་རུ་བརྟུན་ཞུགས་འཛིན་མོད། དུས་རབས་ཀྱི་སྒོ་མོ་འབྱེད་པར་བསྟུན་ནས་མཛེས་པའི་ཞལ་རས་ཆ་ཡོངས་རྫོགས་བསྟན་ནས་ཀུན་གྱི་ཡི་གར་འོངས་བ་དང་རྣ་ལ་ལྷང་ལྷང་སྙན། སྤྱིར་ཕྱོགས་འཆམ་གྱི་མིང་ལ་ཡང་བཤད་སྲོལ་མི་འདྲ་གསུམ་ཙམ་ཡོད་དེ། བྱམས་འཆམ་དངོས་སུ་འཆམ་དུས་ཁྱིམ་ནང་དང་ལོ་ན་རྒན་པ་ཡོད་པའི་ཁྲོད་ལ་འཆམ་སྲོལ་མེད་པ་དང་སྡེ་བ་སོ་སོར་ཚུར་འོང་ཕར་འགྲོ་བྱས་ནས་འཆམ་སྲོལ་ཡོད་པས་ཤོག་འཆམ་འགྲོ་ཟེར་ནས་འབོད་རེས་བྱེད་དགོས་པས་ཤོག་འཆམ་ཟེར། ཕོ་གཞོན་མོ་གསར་རྣམས་གྲོང་པའི་ཉེ་འདབས་དང་མི་མེད་ལུང་སྟོང་དུ་འཆམ་བའི་སྲོལ་ཡོད་པས་ཕྱོགས་གཅིག་དུ་འཆམ་བ་ལ་ཕྱོགས་འཆམ། ཡང་ནང་དོན་དང་རྣམ་པ་སོགས་གཙོ་བོ་ཕོ་མོའི་བརྩེ་དུང་མཚོན་བྱེད་ཡིན་པས་བྱམས་འཆམ་སོགས་ཟེར་མཁན་རིགས་གཅིག་འདུག། གང་ལྟར་བློ་རིག་གསལ་བའི་མེས་པོ་གོང་མ་རྣམས་ཀྱིས་དགོས་པ་ཅིའི་ཆེད་དུ་བཏགས་པ་ཡིན་མིན་དེང་དུས་ང་ཚོས་བློས་ཚོད་ཀྱིས་དཔག་བ་ལས་གཞན་གཏན་ཁེལ་དཀའ། ཕྱོགས་འཆམ་ལ་ཡོངས་གྲགས་སུ་རིམ་པ་གསུམ་ཡོད་པ་ལས་དང་པོ་གླུ་ལེན་དགོས་འདུག། འདི་ཕྱོགས་འཚར་ལོངས་བྱུང་བའི་བུ་ཚ་བུ་མོ་རྣམས་རི་ལ་ཤིང་འཐུ་པ་དང་ཕྱུགས་འཚོ་བ། ཞིང་ཁ་རུ་ལོ་ཏོག་བཏབ་འདེབས་དང་ཡུར་མ་ཡུར་བ་སོགས་བྱེད་པའི་ངལ་རྩོལ་གྱི་ཁྲོད་དུ། རང་ཉིད་ཀྱི་སེམས་ལ་སྦེད་བའི་བརྩེ་དུང་གི་རི་མོ་དྭངས་མར་གླུས་ཚིག་བརྒྱན་བྱས་ནས་དགའ་བའི་ཕྱོགས་སུ་ལེན་པ་ལ། ཕ་རོལ་པོ་ལ་འདོད་པ་ཡོད་ན་རང་གི་ཚིག་དང་མཐུན་པའི་ལེན་འདེབས་སྲོལ་ཡོད། ངག་སྟབས་ཅུང་ཟད་བརྒྱངས་དགོས་ལ་ཐ་མ་འོ་འ་ལ་ཟེར་ནས་ངག་བསྡུ་དགོས། དངོས་སུ་ཕྱོགས་འཆམ་སྐབས་ལ་རང་ཉིད་གྲོང་པ་གཅིག་པ་ཡིན་པའི་ཕོ་མོ་རྣམས་མཉམ་འཆམ་བྱེད་པ་དང་གྲོང་པ་གཅིག་གི་བུ་ཚ་བུ་མོ་རྣམས་གྲོང་པ་གཞན་ལ་རིགས་མཐུན་མིན་པའི་ཕྱོགས་ཁག་བཙལ་ནས་འཆམ་བར་ཡུལ་གྱི་ཐད་ལ་ཁྱད་པ་གཉིས་འདུག། དམིགས་སུ་གསལ་བཤད་བྱེད་དགོས་པ་ལ། གྲོང་པ་གཞན་དུ་འཆམ་འགྲོ་དུས་ཕོ་རྣམས་ལ་འ་སྒྲིལ་དང་མོའི་ཕྱོགས་ལ་འ་མ་ཟེར་དགོས་འདུག། ད་རུང་གྲོང་སོ་སོའི་མིང་ངོ་མ་འབོད་སྲོལ་མེད་པ་ལ་མིང་ཁ་ཁ་ཡོད་པ། དཔེར་ན་རྩེ་སི་གྲོང་པ་ལ་དངུལ་དཀར་དང་ཐོད་དཀར་གྲོང་པ་ལ་སྲན་མིག། ཨ་མཚན་ལ་ལི་ཕྱུག་དང་འོ་ཡང་སྒང་ལ་གསེར་ཡུལ། རྩེ་རྒན་ལ་གོང་ཡོད་དང་སེ་རག་སྒང་ལ་བྱམས་ཕྲུག་སོགས་འབོད་དགོས། དཔེར་ན་ཕོའི་ཕྱོགས་དངུལ་དཀར་འ་སྒྲིག་དང་མོའི་ཕྱོགས་དངུལ་དཀར་འ་མ་སོགས་དཔེ་ཙམ་ལས་ཐམས་ཅད་དེ་དང་དེ་བཞིན་འབོད་དགོས་སོ།།       ཡང་རྡོག་སྟབས་ལ་དར་ཁྱབ་ཆེ་བ་དྲུག་ཡོད་པ་ལས་ཕར་སྟབས་ཚུར་སྟབས་དང་དྲུག་རྒྱབ། པུས་གུག་རྡོག་སྟབས་དང་རྐང་སྤྲོད་རྡོག་སྟབས། མར་ལ་བཞག་དང་ར་སྙེག་རྡོག་སྟབས་སོགས་ཡོད། རྡོག་སྟབས་བརྗེ་དགོས་དུས་ཡར་ཞུའི་ཚབ་དུ་དཔེར་ན། ཁྱེད་ཚོར་དངུལ་དཀར་འ་སྒྲིག། གསུངས་སྐད་བརྗེ་རོགས་ཨ་ཆོག་ལེན་དགོས་པ་ལས་གང་དྲིན་བོང་བུ་འདྲོག་རྒྱུག་བཞིན་བྱེད་སྲོལ་མེད་དོ།། གཞན་ཚིག་གི་ནང་དོན་ལ་གཙོ་བོ་ཕོ་མོ་བརྩེ་དུང་སྐོར་མང་བ་ལ་ཐམས་ཅད་དེ་འདྲ་མིན། དཔེར་ན་ས་ཆ་ཡིད་བཞིན་ནོར་བུ། མི་འཛོམས་བསམ་བཞིན་འཛོམས་བྱུང་། ཡང་གནས་ཀྱི་ཡག་མོ་རྩིས་ས་འདི་ལ་རྡོག་ར། རང་དང་མི་སྲིང་འཛོམས་ས་འདི་ལ་རྡོག་ར་སོགས་ལྟ་བུ་ཡུལ་ལ་བསྟོད་པ་དང་འཛོམས་པ་ལ་དགའ་བའི་ནང་དོན་ཡང་ཡོད། གཞན་ཕོ་མོ་བརྩེ་དུང་སྐོར་ལ་དཔེར་ན་བྱམས་གླུ་བགྲངས་ནས་ཡག་བྱུང་། ལས་ཀྱི་འཛོམས་རོགས་ཨ་ཆོག། བྱམས་རོགས་འདི་ན་འཛོམས་བྱུང་། དྲན་པ་ཡིད་ནས་མ་བྱུང་།། སོགས་ཧ་ཅང་མང་བས་འདི་མཛུབ་མོས་རི་སྟོན་གྱི་དཔེ་ཙམ་ཡིན། ལེན་སྟངས་ལ་ཕོའི་ཕྱོགས་ཚིག་གཅིག་ལེན་རྗེས་མོས་ལེན་འདེབས་དགོས་པ་ལས་བྲོ་ཚིག་བཞིན་མང་པོ་མེད། དཔེར་ན་མོས་བྱམས་གླུ་ལེན་ལུགས་ཡག་བྱུང་། ཕོས་ལས་ཀྱིས་འཛོམས་རོགས་ཨ་ཆོག་ལྟ་བུའོ།། ངག་ལུགས་སྔོན་ལ་འོ་འོ་འོ་དང་རྗེས་ལ་འོ་ཤག་ནས་ཟུར་རྒྱན་གྱི་ཚབ་དུ་ངེས་པར་དགོས། དངོས་སུ་འཆམ་དུས་ལ་ཕོའི་ཕྱོགས་རྣམས་གྲལ་དྲང་པོར་སྒྲིག་ནས་མོའི་ཕྱོགས་ལ་ཁ་གཏད་དང་འཆམ་ཞོར་འགྲོ་ཞོར་བྱས་ནས་ཕྱོགས་བརྗེ་ནས་ཁ་གཏད་ལངས་རྒྱུ། གཞན་ཡང་ལེན་མི་དགོས་པ་གཡས་ཕྱོགས་ལ་རྡོག་པ་ལྐུགས་རྒྱབ་དྲུག་དང་གཡོན་པའི་ཕྱོགས་སུ་ལྐུགས་རྒྱབ་དྲུག་བྱེད། ཡང་ཕོ་ཁ་གཏད་དུ་ལངས་ཡོད་དུས་མོས་པུས་མོ་གུག་ནས་ལེན་རྒྱུ་དང་མོ་ལངས་ཡོད་དུས་ཕོས་དེ་བཞིན་བྱེད་པ་ཧ་ཅང་མང་།

    རིམ་པ་གསུམ་པ་ལ་རོགས་བཟང་ཉལ་ཟེར་དགོས་ལ། ཕྱོགས་འཆམ་འཆམ་ཚར་རྗེས་ཕོ་མོ་རྣམས་རང་གི་ཁྱིམ་ནང་མི་ཕྱིན་ནས་ཕྱོགས་གཅིག་དུ་མལ་ཆས་བཅའ་ནས་ཉལ་བ། རང་ཉིད་སེམས་སུ་འོངས་བའི་མིའི་རྣ་ལ་གླུ་ཚིག་ལྷོད་ལྷོད་ལེན་དགོས། རེད་ཀྱང་ཚད་ལས་བརྒལ་བའི་སྤྱོད་ངན་རྣམས་སྤེལ་རྒྱུ་མེད་ལ། གལ་སྲིད་དེ་ལྟར་བྱས་སོང་ན་རོགས་ངན་དུ་འབོད་ནས་རྗེས་སུ་མཉམ་དུ་རྩེད་མཁན་མེད་པར་ཁེར་རྐྱང་དུ་ལུས་སྲིད།

     རྒྱན་གོས་ལ་ཕོའི་ཞྭ་མོ་ཚེ་རིང་སྐྱིན་ཁེབས་དང་ཕྲུག་གི་བོད་ལྭ། ཤམ་ཙི་དཀར་པོ་དང་འབུ་རས་དོར་མ་གཙོ་བོ་ཡིན། མོའི་སྟོང་སྐུད་དཀར་སེང་དམར་ལྗང་འཇའ་ཚོན་ལྟ་བུའི་མགོ་རས། དངུལ་གྱི་གའུ་ལོ་སྐོར་བཅུ་གཉིས་དང་གཡུ་བྱུ་རུ་སོགས་རིན་པོ་ཆེའི་མགུལ་རྒྱན་འདོགས་སྲོལ་ཡོད་དོ།།

སྡེ་རོང་ཉི་མའི་ལུང་པར། ཕྱོགས་འཆམ་བྱེད་ན་བསམས་བྱུང་།

སྡེ་རོང་ཉི་མའི་ལུང་པར། ཕྱོགས་འཆམ་བྱེད་ན་བསམས་བྱུང་།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:གླུ་དང་བྲོ།
  • ལེ་ཚན་རྗེས་མ།:ཨོ་ཐོག་གནའ་བྲོ་དང་དམིགས་བསལ་གྱི་ལོ་རྒྱུས་ཚན་པ་ཞིག།