ལོ་ཟླའི་ཆད་ཐོ།

༼ ཞོགས་རྫ་རྔ། ༽        2024-06-28

མེ་ལོང་དུ་ཤར་བའི་མི་ལོ་ཉེར་གསུམ།

བྱིས་པའི་རྩེད་རྡོ་དཀར་ནག་ཉེར་གསུམ་རེད་དམ།

ངའི་མི་ཚེ་སུ་ཞིག་གིས་རྩེད་ཆས་བྱས་སོང་།

ངའི་ལང་ཚོ་ཅི་ཞིག་གི་ལན་ཆགས་ཡིན་སོང་།

དུས་ཚོད་ཀྱི་ཐ་གུ་ཆད་རྗེས་མཐུད་དུ་མེད།

ད་ལྟ་ངའི་ན་ཚོད་ཀྱི་ཡལ་ག་ཐོར་ཏེ།

སེམས་འདུན་གྱི་དབྱར་ལྗོངས་ཉམས་ཟིན་པས།

དུས་ཚོད་ཀྱིས་ངའི་འདུག་རོགས་སུ།

སྡུག་བསྔལ་དང་བསམ་གཞིག་གཅིག་པུ་བསྐྱུར་ཡོད།

དེ་ལྟ་ནའང་། ངས་ཡོད་ཚད་ལ་བཀའ་དྲིན་ཞུ་འདོད།

མི་ཚེ་ཧྲིལ་པོར་དགུན་ཁ་ཚེས་སོང་ཞེས་མི་བརྗོད་དེ།

ལོ་ཟླ་དེ་དག་ཏུ་ངའི་འཇིག་རྟེན་ལ་

དབྱར་ཁ་ཚེས་མྱོང་། མེ་ཏོག་བཞད་མྱོང་།

བརྩེ་སེམས་ཀྱི་སྦྲང་ཆར་ཤག་ཤག་ཏུ་བབས་མྱོང་།

བདེ་མོ།

ད་ནི་སྙིང་ཉེ་བའི་ཡོད་ཚད་ལ་བདེ་མོ་ཞུ།

གྱེས་བྲལ་ནི་བརྩེ་བས་དང་དུ་ལེན་པར་བྱ།

གཅེས་འོས་པའི་འདས་སོང་གི་ཡོད་ཚད་བདེ་མོ།

ཤོར་སོང་བའི་ལོ་ཟླ་དང་།

དེའི་པང་གི་གཏམ་རྒྱུད་དག་བདེ་མོ།

ད་ནི། སུ་ལའང་ལེ་བདའ་དང་འཁང་ར་མེད།

ད་ནི། ཅི་ལའང་བློས་མི་ཐོངས་པའི་

ཞེན་ཆགས་མེད་པ་ལྟར་བྱེད།

ད་ནི། འཚོ་བས་ཇི་ལྟར་བཀོད་སྒྲིག་བྱས་པ་བཞིན།

རྒོལ་མི་ཕོད་པའི་ཉམ་ཆུང་ནུས་མེད་ཅིག་ཏུ་བྱ།

གཅིག་བྱས་ན་ཤོག་ལྷེ་འདིའི་ཕ་རོལ།

འཇིག་རྟེན་ཕྱི་མ་ཡིན་སྲིད་དེ།

ང་ལ་ཚེ་སྨད་ཅེས་པ་ཞིག་དབང་མིན་ཅི་ཆ།

དེ་བས། བདེ་མོ་ལགས།

ད་ནི། སུ་ལའང་ཆད་ལྷག་མེད་པར་ཤོག།

ད་ནི། སུ་ཞིག་དང་སྡང་ཟུག་གི་འགྲན་རྩོད་དང་

བརྩེ་དུང་གི་གཏམ་རྒྱུད་མེད།

བདེ་མོ་ལགས།

ངས་ཁྱོད་ལ་བདེ་མོ་ཞུ།


  • ལེ་ཚན་སྔོན་མ།:ང་དང་སྦྲ་ནག།
  • ལེ་ཚན་རྗེས་མ།:རླབས་ཆེན་མེས་རྒྱལ་ལ་བསྟོད་པའི་ཀ་བཤད་མུན་པ་བཅོམ་པའི་ཟླ་ཟེར།