སྐྱོ་སྣང་ངང་གིས་སེལ་བའི་མེ་ཏོག་བ་ཀུ་ལ།

ཚོར་སྦྲང་།        2024-06-24

དགོང་དྲོའི་བྱ་ཁྱུ་ཚང་མལ་བསྙེགས་ནས་སོང་། །

མུན་པའི་ཡོལ་བ་རིམ་བཞིན་ཇེ་མང་གྱུར། །

སྐྱོ་སྣང་འུབ་ཀྱིས་བསྡུས་པའི་ང་རང་ལ། །

གང་ཞིག་དྲན་པས་གདུང་བཞིན་ངང་སྒུག་བྱས། །

རྒྱང་ལ་བལྟས་ཀྱང་བྱ་ཁྱུའི་རྗེས་ཤུལ་ལས། །

རི་དང་ནགས་ཚལ་རྒྱང་མིག་ཆད་ནས་སོང་། །

སེམས་ཀྱི་རྟ་ཕོ་སྡོད་མེད་ཟིང་ངེ་བར། །

ལས་ཀྱི་སྙིང་ཉེ་དྲན་གྱིན་རྒྱང་རིང་བཀླགས། །

སྙིང་ཉེའི་སེམས་པ་དགུན་དང་ཁ་བ་བཞིན། །

དཀར་ཞིང་གཙང་ལ་འཁྱག་པའི་ངང་ཚུལ་ཡོད། །

སྙིང་ཉེའི་སེམས་པ་དབྱར་དང་མེ་ཕུང་སྟེ། །

མཛེས་ཤིང་དྲོ་ལ་སྲེག་པའི་སྒུལ་ཤུགས་ཡོད། །

གནམ་གྱི་རྒྱུ་སྐར་རིམ་དང་རིམ་གྱིས་འཆར། །

ལས་འཕྲོའི་སྙིང་ཉེ་དྲན་པ་སྔར་བཞིན་གནས། །

ཐག་རིང་ཐག་རིང་མིན་ཡང་ཐག་ཉེ་ཡི། །

སྙིང་ཐུབ་བྱམས་པའི་ཡིད་ལ་སུ་ཞིག་དྲན། །

ཁྱོད་ལ་དབང་བའི་ལྷིང་འཇགས་སྒེའུ་ཁུང་ལས། །

གནམ་གྱི་རྒྱུ་སྐར་ལྟ་བཞིན་འདུག་ཡོད་དམ། །

ཡུན་ཐུང་མི་ཚེའི་བགྲོད་ལམ་མྱུར་བས་ན། །

ཁྱོད་ལ་དབང་བའི་མཛེས་སྡུག་ཉུང་སོང་ཨང་། །

ནམ་ཞིག་ལས་ཀྱི་སྟབས་ཀ་སླར་ལྡན་ན། །

ང་རང་ཁྱོད་ཀྱི་གྲིབ་གཟུགས་བྱ་ཡང་ཆོག །

ནམ་རྒྱུན་འཕྲད་པའི་སྐལ་བ་ཡོད་ལགས་ན། །

མི་ཚེའི་རེ་འདུན་ཤོར་ཡང་བློ་འགྱོད་ཅི། །

ད་ནི་ཁྱེད་རང་དྲན་ཚད་མང་དྲགས་པས། །

གནག་སྣུམ་སྐྲ་ལོའི་ཁ་དོག་འགྱུར་བར་དོགས། །

ཁྱེད་རང་བསམ་པའི་བརྡ་ཐབས་ཁྲི་མ་འབུམ། །

མགྲིན་པ་བརྣངས་པའི་གཏམ་འདི་སུ་ལ་གསང་། །

མཚན་མོའི་ཟླ་བ་ཁེར་རྐྱང་མཐོངས་ཁུང་ནས། །

ལྷོད་ཀྱིས་འཆར་བཞིན་སྙིང་ཉེ་ཡིད་ལ་བསླངས། །

སྙིང་ཉེས་གནང་བའི་ལེགས་སྐྱེས་ཉེར་ལྔ་ལས། །

གང་ཞིག་སེམས་ལ་སྦྱར་ནས་གཉིད་པར་བརྩོན། །

རེ་ཞིག་གཉིད་པས་རྨི་ལམ་ཟ་ཟིའི་ནང་། །

སྙིང་སྡུག་བོར་བའི་འཁྲུལ་སྣང་ཅི་ཡང་ཤར། །

ཧད་ཀྱིས་སད་དུས་ལུས་ཡོངས་རྔུལ་ཆུས་སྦངས། །

སླར་ཡང་གཉིད་པའི་བློ་ཁ་རྨེག་མེད་བཏང་། །

དེ་ལྟར་མཚན་མོར་རང་ཁྱིམ་གྲུ་བཞི་ནས། །

དྲན་པའི་མགོ་ལྕོགས་སྙིང་ཉེའི་ཕྱོགས་སུ་སྒུལ། །

སྙིང་ཉེས་མཚན་མོའི་ཞེད་སྣང་མ་འཛེམས་པར། །

ང་ཡི་ཁེར་རྐྱང་དཀྲོགས་པར་ཕེབས་ན་སྙམ། །

ཉམས་དགའི་བསིལ་རླུང་ཤུགས་ཀྱིས་ལྡང་བྱུང་སྟེ། །

མཚན་མོའི་ཀློང་ནས་སྙིང་ཉེའི་གོམ་འགྲོས་ཐོས། །

གོམ་འགྲོས་ཡར་ལ་མཐོ་བས་ཚོགས་དྲུག་གི། །

སྐྱོ་ཤེས་སྨུག་རླུང་རབ་རིབ་ཕར་ཕར་དེད། །

  • ལེ་ཚན་སྔོན་མ།:ཀ་རྩོམ་སྙིང་གི་མེ་ཏོག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།