ཨ་མར་ཕུལ་བའི་ཞུ་འཕྲིན་བས་མཐའི་གླུ་ཆུང་།

༼ དབྱངས་ལྡེའུ། ༽        2024-06-19

ལུས་ལྟེ་ཁྲག་འཕོས་སའི་རི་སྡེ་ན།

ཡིད་དུང་ཞེན་ཟབ་པའི་ཕ་ཡུལ་ན། །

སྐྲ་ལན་བུར་གངས་དཀར་རྡུལ་གོས་མར། །

ཚིག་གཡེར་ཁར་ཚོར་རླུང་འདི་ལྟར་བསྒུལ། །

སྤྲིན་གོས་དཀར་མདངས་ཆགས་མོད་ས་སྟེ། །

སེམས་དུང་མདོག་དབུས་ཀྱི་ཕ་ས་ན། །

མ་དྲིན་གྱི་བརྩེས་སྐྱོང་དད་གུས་ཅན། །

དུས་དེང་སང་སྐུ་ཁམས་བདེ་འམ་ཀྱེ། །

དགུན་ཟླ་གསུམ་མགྲོན་པོ་འབྱོར་འཕྲིན་གྱི། །

གཏམ་རྣ་བའི་བུ་གར་ལྷུངས་ནས་བྱུང་། །

ཆུ་ཤང་ཤང་འབབ་པའི་སྡེ་འདབས་ན། །

འཁྱག་དར་ཡུག་འདྲ་སྟེ་ཨེ་བཤམ་ཐལ། །

གྲང་ལྷགས་པའི་མཆེ་གཙིགས་ཇེ་རྣོར་སོང་། །

ཞོགས་ཉིན་མའི་མཚན་ཁ་ཇེ་ཞན་རེད། །

ནམ་སྐྱ་རེངས་གསར་བའི་འཛུམ་ཞལ་ལྷན། །

འབྲུ་ཐོད་དཀར་ལྟོ་འོག་ཨེ་བསིལ་ལམ། །

དབྱིངས་སྐར་ཕྲན་མཐའ་སྐོར་ཟླ་བའི་འོད། །

ཤག་སྒེའུ་ཁུང་ནང་དུ་དལ་དཔྱངས་ཚེ། །

སྙན་སྨྲ་བའི་དབང་འབྱོར་ཚངས་དབྱངས་བཞིན། །

སྙིང་དཔྲལ་མིག་འདང་གཅེས་མ་ཁྱེད་དྲན། །

མཚོ་དངུལ་དཀར་མེ་ལོང་མཛེས་པ་རུ། །

དགོང་ཟླ་བའི་གཟུགས་རིས་འཕོས་ན་སྐྱིད། །

གངས་རི་བོའི་ཟོམ་གྱི་ཉི་ཟླ་བཞིན། །

བྱམས་བརྩེ་བའི་དྲོད་ཀྱི་མཚན་ཁ་མ། །

སེམས་གངས་དཀར་རི་བོར་བྱམས་བརྩེ་ཡི། །

དབྱིངས་བསིལ་ཟེར་དཀྱིལ་འཁོར་འཁྱུད་པའི་ཤུལ། །

གྲོང་ཁྱིམ་མཚེས་ཀུན་གྱིས་དགའ་མགུ་ནས། །

ཚིག་བསྟོད་པའི་རོལ་མོ་འཁྲོལ་བའི་མ། །

ཞེ་དུང་ཞེན་སྐུད་པ་འཁེལ་ས་ཡི། །

མ་སེམས་ཀྱི་ལྷ་མོ་དོན་འགྲུབ་མ། །

ཡིད་དད་གུས་གངས་དཀར་བརྟན་ས་ནས། །

ཁྱེད་མགོན་སྲུང་ལྷ་ཚོགས་བྱོན་ནས་ཤོག །


  • ལེ་ཚན་སྔོན་མ།:སྒྲིབ་བྲལ་ངག་གི་དཔལ་འབར་བ།
  • ལེ་ཚན་རྗེས་མ།:ཚོར་བྲིས་མེ་ཏོག་ཆུང་ཆུང་།