ཕ་ཡུལ་གྱི་ཁ་བ།

༼ འབའ་ར་འབྱུང་ཆོས། ༽        2024-06-14

ས་མི་ཡུལ་ན་ཡོད་པའི་བུ་ཆུང་ཞིག་གིས་

རྒྱང་ས་མཐའ་ན་གནས་པའི་ཕ་ཡུལ་དྲན།

ཞོགས་མཚམས་སུ།

སྐད་འཕྲིན་ན་འཕྲིན་གྲོགས་ཚོས་ཕ་ཡུལ་ན་

ཁ་བ་འབབ་པའི་བརྙན་དེ་མཐོང་དུས།

ཕ་ཡུལ་ནི་ལྷག་ཏུ་དྲན།

བརྙན་དང་པར་རིས་དེ་དག་རེ་རེ་ནས་ལྟ་དུས་

བྱ་ཞིག་ཡིན་ན་བསམ་བྱུང་།

དྲན་གདུང་གི་ངལ་བ་དོར་ཏེ་ཕ་ཡུལ་ལ་འཕུར་འགྲོ།

བྱེའུ་ཞིག་ཡིན་ན་བསམ་བྱུང་།

ཕ་ཡུལ་གྱི་ལྗོན་ཤིང་ཐོག་ཏུ་བབས་ནས་གླུ་ཞིག།

ལེན་ན་འདོད་བྱུང་།

ཧེ་་་ཧེ་་་

སྟོང་བསམ་ལས་གཞན་ཐབས་ཤེས་ནི་མ་རྙེད་པས།

སྙན་ངག་ལམ་ནས་ཁྱེད་ལ་འཕྲིན་བརྡ་ཞིག།

བསྐུར་ན་འདོད།

ཕ་ཡུལ་ལགས།

ང་ནི་ཁྱེད་ཀྱི་གཙང་ཆུའི་འོ་ཞོ་འཐུང་མཁན་དེ་ཡིན།

ང་ནི་ཁྱེད་ཀྱི་པང་དུ་འཚར་ལོངས་བྱུང་བའི་

བུ་ཆུང་བསམ་མེད་དེ་ཡིན།

དེ་རིང་།

ཁྱེད་ཀྱི་དབུ་རྩེ་ན་དཀར་པོ་དངུལ་གྱི་

དབུ་ཞྭ་གྱོན་ཡོད་ལ།

རྒྱ་ཆེའི་ས་གཞི་རུ་དངུལ་གྱི་ས་གདན་སྟེང་།

ཡོད་པ་མཐོང་དུས།

བུ་ཆུང་བསམ་མེད་ང་།

སླར་ཡང་ཁྱེད་ཀྱི་པང་ཐོག་ཏུ་ཐེངས་གཅིག་

ཉལ་ན་འདོད་བྱུང་།

ཁ་བ་འབབ་ཐེངས་འདི་ནི།

སུམ་ཅུ་གནས་ན་བཞུགས་པའི་ལྷ་ཚོས།

ཕ་ཡུལ་གྱི་བཙོག་སྒྲིབ་དག་བའི་ཁྲུས་

ཆུའི་བདུད་རྩི་དེ་ཡིན།

སྔོན་པོ་གཡུ་མདོག་ཅན་གྱི་མྱུ་གུ་ལ།

ལོ་ལེགས་རྒྱས་པའི་རྟེན་འབྲེལ་ཡིན།

སྐྲ་དཀར་དུང་སོ་ཅན་གྱི་རྒན་པོ་ཚེ་ཐག་རིང་བ་དང་།

གཞོན་ནུ་བློ་རིག་བཀྲ་བ་སོགས་ཀྱི་རྟེན་འབྲེལ་ཡིན།

ཐེངས་འདིར།

ཕ་ཡུལ་ན་ཁ་བ་འབབ་པ་རྟེན་འབྲེལ་ལེགས།

རྒྱང་ན་ཡོད་པའི་བུ་དང་བུ་མོ་ཚོས།

མཛེས་སྡུག་གསར་བ་བསྐྲུན་པའི་ཕ།

ཡུལ་མཐོང་བ་རྟེན་འབྲེལ་བཟང་ལ།

བསོད་ནམས་ཆེ།

ད་དུང་ཕ་ཡུལ་དྲན་པའི་འདུན་པ་ནི་ནམ་

ཡང་འགོག་ཐབས་མི་འདུག།

ཕ་ཡུལ་ནི།

ཀུན་གྱི་སེམས་ཕྱོགས་དང་ཐག་མི་རིང་།

བའི་གནས་མཆོག་ཞིག་ཡིན།

ཕ་ཡུལ་ལགས།

དེ་རིང་ཁ་བ་འབབ་པ་ནི་རྟགས་དང་རྟེན་འབྲེལ་ལེགས།

དེ་ནི།

ཁ་ལས་རླུང་རྟ་དར་བའི་རྟེན་འབྲེལ་ཡིན།

ཕ་ཡུལ་ལགས།

ངས་ཁྱེད་རང་དྲན་པ་ནི་ངས་ངའི་ཨ་མ་ཚེ་

རིང་ལོ་བརྒྱ་དྲན་པ་དང་གཉིས་སུ་མ་མཆིས།


  • ལེ་ཚན་སྔོན་མ།:ཚངས་དབྱངས་བསིལ་བའི་ཟླ་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།