དུངས་བརྗོད་ཚིག་གི་ལྡབ་ལྡིབ།

༼ ཨ་ནུ་དད་ཞེན། ༽        2024-06-14

ལས་ཀྱི་བཀོད་པའི་སྐྱེད་ཚལ་གཅིག་ཏུ་གཙུག་ལག་སོགས་ལ་སྦྱངས་པའི་སྐལ་བཟང་ཉི་མ་ཤར།།ན་ཆུང་རྣམས་ལས་ཨུཏྤལ་མེ་ཏོག་ཇི་བཞིན་གཞན་རྣམས་ཀྱིས་ནི་འདྲེན་པ་འཕྲོག་བྱེད་མིན།།ཡིད་ལ་འཐད་ཀྱང་རབ་ཏུ་གདུང་བའི་ཁྱོད་ཞལ་མཐོང་བ་ལ་ནི་ཉིན་ཞག་འགའ་ལ་ཅི་ཡང་འཛིན།།ཡིད་ཀྱི་ཁང་བཟང་འཕྲོག་པས་མིག་ཟུང་བཙུམ་ཀྱང་ཁྱོད་ཞལ་ལ་ནི་སླར་ཡང་གསལ་བ་ཅན།།བདག་ཡིད་ཀུ་མད་རབ་འཕྲོག་ན་ཆུང་ཁྱེད་ནི་ཡིད་དུ་འཐད་ཀྱང་སྙིང་ལ་བབས་པ་མཛེས།།གདོང་གི་ཆུ་སྐྱེས་འཛུམ་གྱི་ཚེམས་ཕྲེང་གེ་སར་དཔལ་གྱིས་ས་གསུམ་མཛེས་པ་ཟིལ་གྱིས་མནན།།དེ་སླར་གླེང་སློང་ཟླ་བ་འགའ་བྱས་འུ་གཉིས་ལ་ནི་སྣང་བ་དབང་ཕྱོགས་རི་ནས་འཛུམ།།བདག་ཡིད་བརྩེ་བའི་ཨ་ལོང་འཕྲོད་བྱེད་ལྕགས་ཀྱུ་ལ་ནི་ངང་རྒྱུད་བཟང་བའི་གཤིས་ཀ་ལྡན།།འཇམ་མཉེན་ལག་པད་མགྲིན་ནས་འཁྱུད་བྱས་གནག་སྣུམ་སྐྲ་ལོའི་དབུས་སུ་མྱོས་བུམ་མཐོངས་སུ་རྩེན།།བྱི་རུའི་མདངས་ཅན་མཆུ་འདབ་སྦྱོར་བྱས་བྲང་གི་ནུ་འབུར་ཟུང་གིས་མཛེས་པ་ཅི་ཡང་ངོམ་པར་བྱེད།།དམར་མདངས་ཆགས་པའི་བཞིན་གྱི་སྒོ་ལ་སྐྱེངས་པའི་བརྟུལ་ཞུགས་འཛིན་པ་འདྲེན་བྱེད་ནང་དུ་གསལ།།མཚན་མོ་དེར་བྱས་དུས་བཏབ་ཐོག་མ་སྐྱ་རེངས་གསལ་བའི་བར་དུ་ཅི་ལྟར་བསླེབས་པ་མ་ཚོར་རོ།།མཚན་མོའི་དུས་བཏབ་ཐོག་མ་དགའ་བའི་སྤུ་ལོང་ཆེ་ཆེར་གཡོ་བཞིན་འཛུམ་གྱི་མེ་ཏོག་བཞད།།འོག་པགས་མདུད་པ་གྲོལ་བའི་གོས་ཀྱི་འཐུ་ཁ་སིམ་ཡང་གཡོ་བའི་ལག་པ་འཕེན་བྱས་པས།།ན་ཆུང་ཁྱེད་ནི་དངངས་པའི་བ་སྤུ་གཟེངས་ནས་མཁུར་ཚོས་དམར་པོས་བདག་གི་གདོང་ལ་ཅེར།།སྐྱེངས་པའི་ཚུལ་གྱིས་ལག་པས་གདོང་ལ་བཀབ་ཀྱང་དམར་པོར་གྱུར་བའི་འགྲམ་པ་གཡོགས་བྱེད་བྲལ།།དུས་ཀྱི་ཞག་གྲངས་བར་ནས་ཁྱོད་ཞལ་བདག་གི་ཡིད་ལ་ཉིན་མཚན་རེས་མོས་དག་ཏུ་བཀོད།།མཚམས་རེ་དྲན་གདུང་དག་གིས་གདོས་ཏེ་རྨི་ལམ་དག་ཏུ་ཁྱོད་རང་རྒྱུ་ཞིང་ཁྱོད་རང་བོས།།ཁྱོད་ཞལ་བདག་གི་སེམས་ལ་མ་བྲིས་ཉེར་བར་བཀོད་པས་གཏན་དུ་བསུབ་ཐུབ་ག་ལ་ཡོད།།སྙིང་སྡུག་ན་ཆུང་ཁྱེད་ལ་དྲན་པའི་ཚིག་དག་ལྷོ་བཞུད་ཆུ་འཛིན་སོགས་ཀྱིས་བརྗོད་དམ་ཅི།།རྨ་ཆེན་ཀེ་ལ་ཤ་ཡི་འདབས་སུ་ཐོས་བསམ་བྱེད་པའི་འདུན་མ་སྐྱེས་ནས་གནས་དེར་ཕྱིན།།ཁ་ཐག་ལེ་བར་སྟོང་ཕྲག་འགའ་ཡིས་ཆོད་པ་མིན་ཡང་སླར་ཡང་བརྩེ་བ་ཡར་ངོའི་ཟླ།།འུ་གཉིས་མཇལ་འཛོམས་དགུན་གྱི་མེ་ཏོག་ཇི་བཞིན་དཀོན་བྱས་གདུང་བ་ལོ་དང་ཟླ་བའི་བར།།མིག་ཀོང་མཐའ་ལ་རབ་ཏུ་གདུང་བའི་མཆི་མའི་རྒྱུན་ནི་ཡུན་རིང་སེམས་ནི་བྲན་པར་གྱུར།།རྡུལ་དམར་ལང་ལོང་འཐིབས་པའི་གནས་འདིར་རྨ་ཆུ་སྔོན་མོས་ཤུགས་གླུ་ལེན་བཞིན་རྒྱང་དུ་བཞུད།།དམར་ཡག་བཙུན་མོས་སྨྲེང་སེམས་ལྷན་དུ་སྨུག་སྤྲིན་དག་ཏུ་སྐྱོ་ངལ་ཅི་ཡང་བརྗོད་པ་བཞིན།།ཁྱུང་མགོན་ཁྲོས་པའི་བཀའ་ལུང་དག་གིས་གནས་འདིར་སྤྱུགས་བྱས་སྡུག་གི་སྨྲེང་བ་ང་དང་ལྷན།།དུས་བཏབ་དཀོན་པས་གདུང་བའི་མཆི་མ་མཁུར་མགོར་བརླན་བཞིན་ཁྱོད་ཞལ་ལ་ནི་སླར་ཡང་རེ།།

  • ལེ་ཚན་སྔོན་མ།:སྟོན་དུས་དང་བདག་གི་འཆར་ཡན།
  • ལེ་ཚན་རྗེས་མ།:དོ་ནུབ་ཨ་ཕ་ལྷག་ཏུ་དྲན།