བོད་གངས་ཅན་ལ་དགེ་ལེགས་འབྱུང་བའི་ཆུ་འཛིན་ལྟ་བུའི་བྱིས་པ་ཚོ།

༼ ཆོས་འབྱོར་རྒྱ་མཚོ། ༽        2024-06-05

དྲུག་གཅིག་བྱིས་པའི་དུས་ཆེན་ལ།

ད་ཆ་ནི་འདི་ལྟར་ཞུས་ན་ཆོག་སྟེ། ང་ནི་བོད་ཀྱི་གཅེས་ཕྲུག་ཅིག་ནས་ནར་སོན་ལ། ང་ནི་བོད་ཡིག་གཅིག་པུ་སྦྱངས་ནས་ན་ཚོད་རྫོགས་ལ། ཞིམ་ངར་ལྡན་པའི་འོ་མ་བཏུང་ནས་ཤ་དཔུང་སྨིན་པ་ཡིན། དེའི་ཕྱིར། ང་རང་བྱིས་དུས་ལ་དགའ་ཞིང་། བྱིས་དུས་ནི་འཇའ་ཚོན་བཞིན་མཛེས། དེ་རིང་། གངས་རི་དཀར་པོའི་ཞིང་ཁམས་ན་བཞུགས་ཤིང་། མཚོ་ཆེན་དྭངས་མའི་འགྲམ་ངོགས་ན་འཛུམ་པའི་སྙིང་ཉེ་བའི་ན་ཆུང་བྱིས་པ་ཚོ། ཉི་ཟླ་གཉིས་ཀྱི་འོད་གསལ་གྱི་གཤམ་ན་སྔོ་བསངས་ཡུག་ཡུག་བྱེད་པ། མཐའ་བཞི་གཉིས་མེད་ལ་ཁེབས་པའི་ནམ་མཁའ་འདིའི་གཤམ་ན། ཞོགས་པ་རེ་རེའི་སྐྱ་རེངས་ཀྱི་མཛེས་སྡུག་དང་འགྲོགས་ནས། ལྗིད་ཏིག་ཏིག་གི་ཤེས་རབ་ཀྱི་དཔེ་ཁུག་འཁྱེར་མཁན། བོད་གངས་ཅན་ལ་དགེ་ལེགས་འབྱུང་བའི་ཆུ་འཛིན་ལྟ་བུའི་བྱིས་པ་ཚོ། ཆེ་བ་རྒྱལ་ཁམས་ལ་མ་འོངས་བའི་མཛེས་སྡུག་འཁྱེར་མཁན་དང་། ཆུང་ཁྱིམ་ཚང་རེ་རེའི་མ་འོངས་བའི་འོད་སྣང་བསྐྲུན་མཁན་ཡིན། དེའི་ཕྱིར། བྱིས་པ་ཚོ་བསོད་ནམས་ཆེ་སྟེ། ལེགས་བཤད་ཤེས་རབ་ཀྱི་གསེར་བུམ་ལྟ་བུ་དགེ་རྒན་གྱི་ཤེས་རབ། བྱིས་པ་ཚོའི་ལང་ཚོའི་དཔལ་དུ་སྐྱེས་སུ་ཕུལ་ཡོད།འཇིག་རྟེན་མི་ཆོས་ལ་མཁས་པའི་གནའ་མི་རྒན་པོའི་གདམས་ངག་མཛུབ་ཁྲིད། བྱིས་པ་ཚོའི་སྙིང་གི་གའུར་རྟེན་དུ་ཕུལ་ཡོད། སློབ་ཆུང་གི་སྦྱང་གཞིའི་ནང་ལ་རིག་པ་གཞོན་པའི་དུས་ན་སློབ་ཅེས་པའི་རིག་པ་གཞོན་པའི་དུས་ནི་བྱིས་དུས་ལ་ཁེལ་ཞིང་། བྱིས་པ་ནི་མཁས་པའི་ལེགས་བཤད་དང་མཁས་པའི་ཤེས་རབ་ཀྱི་བདག་པོ་ཡིན་ལ། མཁས་པའི་མཚན་སྙན་ལེན་པའི་སྐྱེས་བུ་དེའང་ཡིན་ཕྱིར། ང་ཚོའི་སྙིང་དབུས་ན་ཡོད་པའི་བྱིས་པ་འདི་དག་ལམ་ལྷོངས་ཡང་དག་ཅིག་བྱུང་ན། སྔོན་དུས་ཀྱི་སད་མི་མི་བདུན་ལྟ་བུ་ཞིག་ཀྱང་འཁྲུངས་དང་འབྱུང་རྒྱུ་མེད་པ་མིན་ནོ།།འོན་ཏང་། ཡིད་གཅོང་ཞིག་དང་ལྷན་དུ་ངས་ནི་རྟག་ཏུ་འདི་ལྟར་རང་ཉིད་ལ་བཤད་ཀྱིན་ཡོད། བྱིས་པ་ཞིག། བཟང་ཕྱོགས་སུ་འཁྲིད་རྒྱུ་ནི་འགྲུབ་དཀའ་བའི་ལས་ཀ་ཞིག་རེད་དེ། བྱིས་པ་དེ་དང་འདི་ཉིད། བཟང་ཕྱོགས་སུ་འགྲོ་མིན་བྱིས་པ་དེ་དང་འདི་ཉིད་ཀྱི་ཕ་མའི་རིགས་རུས་ཆོ་འབྲང་དང་། ལྷག་པར་ཕ་མའི་མི་གཤིས་དང་བྱིས་པའི་འགྲོ་འདུག་གཉིས་ནི་དཔར་དང་དཔར་ཤིང་ལྟ་བུ་ཞིག་ཀྱང་རེད།བྱིས་པ་སུ་ཞིག་ཡིན་རུང་། བྱིས་པ་དེའི་བྱ་སྤྱོད་དང་རྣམ་འགྱུར། མི་གཤིས་མི་གཉིས་ཀྱི་སྟེང་དང་གསུམ་གྱི་སྟེང་ནས་བསླབས་ཏེ། འདི་ནས་མགྲིན་པ་གྱེན་ལ་གཟེངས་ནས་བཤད་ཐུབ་པ་ནི། བྱིས་པ་དེ་དང་དེས་ཐོག་མའི་བྱ་སྤྱོད་དང་འགྲོ་འདུག་མི་གཉིས་ཀྱི་སྟེང་ནས་བསླབས་ཤིང་། དེ་ནི་ལུས་སྦྱིན་པའི་ཕ་མ་དང་། བར་སྐབས་ནས་ངོ་ཤེས་སུ་ཆགས་པའི་འགྲོགས་འདྲིས་ཆེ་བའི་གྲོགས་པོ་ཡིན། དེ་ལྟར། ད་ལྟ་ང་ཚོས་གདེང་ཚོད་ཆོག་པ་ནི། ཕ་མའི་བྱ་སྤྱོད་ལ་ཐོག་མར་སློབ་མཁན་ཞིག་ཡོད་པ་ནི་བྱིས་པ་ཚོ་ཡིན་ལ། བྱིས་པ་ཞིག་གིས་ཕ་མའི་སློབ་གསོ་དང་ཁྱིམ་ཚང་གི་སློབ་གསོ་གལ་ཆེན་དང་མཐོང་ཆེན་དགོས་པའི་ཉེན་བརྡ་འཛམ་གླིང་ལ་བཏང་ཡོད་སྐད་ཀྱང་འདུག།

ངའི་ཕ་ཡུལ་ན་གཏམ་དཔེ་ཆེ་བལྟ་ཆུང་ངུས་བྱེད་ཅེས་པ་འདི་འདྲ་ཞིག་ཡོད། ཆེ་བལྟ་ཆུང་ངུས་བྱེད་ཅེས་པ་ནི་ཁྱིམ་ཚང་དེའི་ན་ཚོད་མཐོ་གྲས་ཀྱི་བྱ་སྤྱོད་རྣམ་འགྱུར་ལ་ན་ཚོད་ཉིན་རེ་བཞིན་སྨིན་བཞིན་པའི་བྱིས་པས་བྱིས་དུས་ནས་སློབ་ཀྱིན་ཡོད་པའི་སྐད་ཆ་རེད། དང་ཐོག་འདི་ལ་དེ་ཙམ་དོ་སྣང་མ་བྱུང་རུང་། ལོ་གཉིས་ཀྱི་སྔོན་ཏག་ཏག་དང་ཟླ་འགའི་སྔོན་ལ། གཏམ་དེ་ཧ་ཅང་བདེན་པ་ར་སྤྲོད་བྱུང་། ངའི་ཕ་ཡུལ་ན་ཁྱིམ་བདག་ཅིག་ལ་རིགས་རུས་ཆོ་འབྲང་གིས་གཞན་གྱི་ནོམ་ལ་རྐུ་འཕྲོག་བྱེད་པ་དང་། ཁྱིམ་བདག་དེའི་རིགས་རུས་གཡོ་སྒྱུ་ལ་མཁས་ཤིང་། དེ་འདྲའི་མ་རབས་ངན་དགུ་ཚང་པའི་རིགས་སུ་འཁྲུངས་པའི་གྲྭ་གཟུགས་ཅན་ཡོད་པ་ཞིག་གིས་གཡོ་སྒྱུས་གཞན་གྱི་ནོམ་ལ་རྐུ་འཕྲོགས་བྱས་པ་ལོ་འགའ་ལ་ལེགས་གྲུབ་བྱུང་བ། མཐའ་མཇུག་ཕམ་ཁ་བྱུང་བར་བརྒྱུད་དེ། ཁོའི་གྲོགས་པོ་དང་གཉེན་ཉེ་མང་པོ་ཁོ་ལ་སུན་ལོག་དང་ཞེན་ལོག་བྱུང་ལ། ཁོས་ངན་གཤིས་དེ་དག་གང་ནས་བསླབས་ཤིང་གང་ནས་ཤེས་པར་སྙམ་དུས། ཕ་མ་དང་རིགས་རུས་ཆོ་འབྲང་ནས་ཆེ་བལྟ་ཆུང་ངུས་བསླབས་པར་ཡིན་པ་དེའོ།། དེ་བས་གད་མོ་ཤོར་བ་ཞིག་དང་མིག་ཆུ་འཐོར་བ་ནི། བསམ་མནོ་མི་ཟིན་པའི་བྱིས་དུས་སུ། ཕ་རྒན་མ་རབས་ཤིག་གིས་བུ་ཆུང་བཞི་ལ་འདི་ལྟར། རྡུང་རེས་བྱེད་དགོས་ཚུལ་དང་། རྡུང་རེས་བྱུང་ཉིན། གྱོད་བཤད་དགོས་ཕྱིར། གཏམ་ལ་བུ་འདི་མཁས་པས་འདི་ཡིན་དང་། གཞན་ལ་རྡུང་གཏག་བྱེད་མཁན་བུ་དེ་དང་། བུ་དེས་དེ་ལ་རྡུང་གཏག་བྱེད་དུས། ཕ་རོལ་པོ་འཛིན་མཁན་དེ་ཡིན་ཞེས་ཇོ་རུས་གླིང་ལ་ས་བསྒོ་བྱེད་བྱེད་བྱས་པའི་གཏམ་ཞིག་ཡོད་པ། ཟླ་འགའི་སྔོན་ལ་མིག་མཐོང་ལག་ཟིན་བྱུང་སྟེ། འཇིག་རྟེན་དཀར་ངོགས་འདིའི་སྐྱིད་སྡུག་འཁྱེར་རོགས་ཕ་ཡུལ་གཅིག་པ་དང་ཤ་རུས་གཅིག་པུའི་བར་ལ་རལ་གྲི་ཕུད་ཀྱང་དམེ་གྱོད་བྱུང་བ་རྒྱང་ནས་ཐོས། ཡང་འདི་ནས། དངོས་མཐོང་ཡིད་སྨོན་ཤོར་བ་ཞིག་གླེང་རྒྱུ་ཡོད། ཡིད་སྨོན་ཤོར་བའི་དངོས་བྱུང་འདི་ཉིད་གསེར་རྟ་ནས་མཐོང་བ་ཡིན། ལོ་དེར་བུ་མོ་ཆུང་ཆུང་དེའི་སེམས་སུ་ཇི་ལྟར་བསམས་ཡོད་པ་མི་ཤེས་རུང་། ང་རང་རྒས་ཁོག་མང་བའི་འཁོར་ཁང་དེའི་ནང་དུ་རང་བཞིན་གྱིས་སོང་བ་ཡིན། སྐབས་དེར། བུ་མོ་ཆུང་ཆུང་ཞིག་གིས་འཁོར་ཆེན་བཞེངས་པའི་གཡས་ཕྱོགས་སུ་ཡོད་པའི་འཁོར་ཆུང་དག་མང་མང་ཞིག་བསྐོར་ཏེ། དེ་ལྟར། འཁོར་ལོ་བསྐོར་མཚམས་བཞག་རྗེས་ངག་སྒོ་ཆེ་བཀྱགས་ཀྱིས་སེམས་ཅན་ཐམས་ཅད་བདེ་བ་ཅན་ལ་སྐྱེས་བར་ཤོག་ཅེས་སྨོན་ལམ་ཞིག་བཏབས་སོང་། ཉིན་དེར་ང་རང་ཅུང་མི་བདེ་བ་དང་། ཚུར་རང་ལ་ངོ་ཚ་བའི་རྣམ་འགྱུར་བཅས། མི་མང་ཞིག་གིས་རང་ལ་བལྟས་ཡོད་པའི་ཚོར་བ་བྱུང་། སྐབས་དེར་དེ་རུ་ཡོད་པའི་བགྲེས་མོ་དག་གིས་བྱིས་པ་ཡ་རབས་ཤིག་ཡོད་གི་ཞེས་བསྟོད་པ་དང་། བགྲེས་མོ་ཞིག་གིས་བུ་མོ་ཆུང་ཆུང་དེའི་ཨ་མ་ཆོས་པ་བཟང་པོ་ཞིག་ཡིན་ཞེས་བཤད་བྱུང་། བྱིས་པ་མང་མང་ཞིག་གིས་ཕ་མའི་བྱ་སྤྱོད་ལ་སློབ་པའང་འདི་ནས་ཤེས་དགོས་པ་བསྟན་བྱུང་།

བྱིས་པ་ཞིག་གི་གྲོགས་པོའི་བྱ་སྤྱོད་དང་རྣམ་འགྱུར་བཞིན་བྱེད་པའི་དུས་ཏེ། ཕ་མའི་བྱ་སྤྱོད་སློབ་པའི་སྐབས་སུ་བཞག་ན་སྔ་ཤོས་དང་ནར་སོན་རྗེས་བཞག་ན་འཕྱི་དྲགས་སོ།། བྱིས་པ་དེ་དང་དེས་རང་གི་གྲོགས་པོའི་བྱ་སྤྱོད་ལ་སློབ་པའི་དུས་ཚོད་གཏན་ཁེལ་མི་ཐུབ་རུང་། འདི་ནས་ཀྱང་ཤེས་དགོས་པ་ལ། བྱིས་པ་མིན་རུང་། ང་ཚོའང་ལན་རེ་གྲོགས་པོའི་དབང་དུ་ཤོར་བཞིན་ཡོད། བྱིས་པ་དེ་དང་དེའི་བྱ་སྤྱོད་དང་རྣམ་འགྱུར་ལ་དོ་སྣང་བྱས་ཏེ། གྲོགས་པོའི་རྣམ་འགྱུར་དང་བྱ་སྤྱོད་ལ་སློབ་བཞིན་ཡོད་མེད་ཤེས་ལ། རང་ཚུགས་གཞན་རྗེས་དེད་པའི་དུས་དེ་ནས་གྲོགས་པོའི་རྣམ་འགྱུར་དང་བྱ་སྤྱོད་ལ་སློབ་འགོ་བརྩམས་པ་ཡིན། གྲོགས་པོ་བཟང་པོ་ཞིག་ལ་ཞལ་མཇལ་བྱུང་མཁན་གྱིས་མི་རྣམས་ལ་ངོ་མཚར་བའི་གཏམ་རྒྱུད་འབྲི་ལ། གྲོགས་ངན་པ་ཞིག་ཐོབ་ཀྱང་དེའི་དབང་དུ་ཤོར་ན། བསམ་ཡུལ་ལས་འདས་པའི་མཇུག་འབྲས་སྐྱུག་ལུད་པ་འབྱུང་ངེས། བྱིས་པ་ཞིག་གི་མི་ཚེའི་ནང་ལ་གྲོགས་པོ་མང་མང་འབྱུང་ལ། བྱིས་པ་རང་ལ་དེ་ནི་བདེ་སྐྱིད་དང་དགེ་རྒན་དང་ཕ་མ་ལ་སེམས་ཁྲལ་ཞིག་གི་སྟ་གོན་ཡིན། སེམས་ཁྲལ་དུ་འགྲོ་དོན་ནི། གྲོགས་མང་མང་དེའི་ཁྲོད་ན། བྱིས་པ་ལ་ཕན་ངེས་པའི་གྲོགས་པོ་ཉུང་ལ། མི་ཕན་པའི་གྲོགས་ངན་ཤིན་ཏུ་མང་ངེས་ཤིང་། ལོག་ལམ་དུ་འཁྲིད་པར་དེ་བས་བྲེད་པའི་ཕྱིར། ང་ཚོས་མ་འོངས་པའི་མཛེས་སྡུག་གི་ཆེད་དུ་བྱིས་པ་དག་ལ་གྲོགས་པོའི་བཟང་ངན་དང་བྱ་བའི་བཟང་ངན་གྱི་ལེགས་ཉེས། རང་གིས་ཤེས་འཇོན་དང་ཁྱོག་པའི་ཚོད་ནས་སྨྲ་དགོས། ད་ལྟ་གསར་དུ་གཏམ་རྒྱུད་འབྲི་བཞིན་པའི་བྱིས་པ་ཞིག་གིས་གྲོགས་ཀྱི་བཟང་ངན་གདམ་གསེས་བྱས་པ་ལ་ནོར་འཆུགས་ཡོད་ལ། དེ་ལ་ཧང་སངས་པ་དང་། དེ་ལ་མི་སྙན་པའི་གཏམ་དང་རྣམ་འགྱུར་སྟོན་མི་རུང་། ཅིའི་ཕྱིར་ཞེ་ན། མི་སྙན་པའི་གཏམ་དང་མི་འཐད་པའི་རྣམ་འགྱུར་གྱིས་བྱིས་པའི་ཤེས་རབ་ལ་གྲོགས་བཟང་ངན་གྱི་བརྡར་ཤ་གཅོད་པའི་ཕན་དུ་མི་འགྲོ། བྱིས་པ་དེའི་དགའ་ཕྱོགས་ཤིག་གི་སྣེ་མོ་བཟུང་སྟེ། གྲོགས་ཀྱི་བཟང་ངན་དལ་གྱིས་ཤེས་སུ་ཆུགས། ལན་རེ་གྲོགས་པོའི་དབང་དུ་ཤོར་ཏེ་ནོར་འཆུགས་སོགས་བྱུང་མོད། དེ་ནི་རྒྱུན་ལྡན་ཞིག་སྟེ། ཕྱིས་སུ་ནོར་འཆུགས་གཅིག་གཉིས་སུ་མི་འབྱུང་བ་བྱོས་ཞེས་སྐུལ་མ་གཅེས་པའི་ངང་གིས་ཁ་ཏ་བྱོས།

གློག་བརྙན་ཡག་པོ་དང་དཔེ་ཆ་ཡག་པོ་ལ་བྱིས་པར་ལྟ་ཀློག་བྱེད་དུ་འཇུག་དགོས། ང་ཚོས་དཔེ་ཆ་དང་གློག་བརྙན་དེ་དག་གི་རིན་གོང་ལ་སེར་ན་ཆུང་བ་མཛད་དགོས། གློག་བརྙན་དང་དཔེ་ཆ་ཡག་པ་དེ་དང་དེའི་ནང་གི་མི་སྣ་རེ་རེའི་བག་ཆགས་བྱིས་པ་ལ་འཇོག་ཀྱང་སྲིད་ཕྱིར། ཐབས་བརྒྱ་ཇུས་སྟོང་གིས་བྱིས་པ་བཟང་ཕྱོགས་སུ་ཁྲིད་དགོས། ངས་ཉིང་ཁུ་ལྟ་བུ་ཞུ་འདོད་ནི་བཟང་ཕྱོགས་ཁ་ཏ་གཅིག་གིས་སྟོན་མི་དགོས་པར། དཔེ་ཆ་དང་རྣམ་འགྱུར། གློག་བརྙན་སོགས་སུ་ཡོད་ཕྱིར། མི་གཞི་དང་མི་ཡི་བྱ་སྤྱོད་གསར་དུ་སྦྱང་དགོས་པའི་བྱིས་པ་ལ་ཁོར་ཡུག་སོགས་ཀྱང་བཟང་ཕྱོགས་བདོ་ས་རུ་བསྐོར་དགོས་ཞེས་པ་ཡིན། ཁོར་ཡུག་ནི་བྱིས་པའི་ཡོན་ཏན་འབྱུང་སའི་ས་གཞི་ཡིན། དཔེ་ཞིག་སྤེལ་ནས་མཇུག་བསྡུ། ཁོར་ཡུག་ནི་ཤན་པ་དང་ཞིང་པ་ཞིག་དང་འདྲ། མི་ཞིག་ཤན་པའི་ཁྱིམ་དུ་སྐྱེས་ན་རལ་གྲི་བཟུང་ནས་འཚེ་བ་བྱེད་ལ། དེ་བཞིན་ཞིང་པ་ཞིག་གི་ཁྱིམ་ལ་སྐྱེས་ན་ཡུར་མ་ཡུར་བཞིན་ཁོར་ཡུག་གིས་ཁོ་ལ་རང་བྱུང་གིས་བཞག་པ་ཡིན། ཁོར་ཡུག་གིས་སྤྲད་པའི་བྱ་སྤྱོད་བསྒྱུར་དགོས་ན་ཁོར་ཡུག་དང་གྱེས་དགོས། ཁོར་ཡུག་དང་མ་གྱེས་བྱ་སྤྱོད་གཏན་དུ་བསྐྱུར་མི་ཐུབ། ཁོར་ཡུག་ཡག་པོ་ཞིག་གདམ་རྒྱུ་བྱིས་པའི་ལས་འགན་མིན་པར་བྱིས་པའི་བདག་པོ་ཚོའི་འགན་འཁྲི་ཡིན་ནོ་ཞེས་རྩོམ་ཡིག་འདི་མཇུག་རྫོགས་པ་ལེགས་མིན་དཔྱོད་ཅིག། །


  • ལེ་ཚན་སྔོན་མ།:དྲུག་གཅིག་བྱིས་པའི་དུས་ཆེན་བསུ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།