དྲན་པའི་དཀྱིལ་ཐིག་ལ་འཁོར་བའི་རྒྱབ་གཟུགས།

༼ སྣག་ཚ་ནག་པོ། ༽        2024-04-26

སྙིང་ཉེ་བའི་བསམ་གཏན་དབང་མོ་ལགས། ངས་ཁྱེད་ལ་ཅི་ཞིག་བཤད་ན་བཟང་། ཁྱོད་དང་འཕྲད་པ་ནས་བཟུང་། ང་ནི་མེ་ལོང་ཞིག་ལྟར། ངའི་ཕྱི་ནང་ཡོངས་ཁྱེད་རང་གིས་བཀང་འདུག ཀྲུའུ་ཙི་ཆིང་གི་རྒྱབ་གཟུགས་ཀློང་དྲིན་ཆེན་ཕ་ཡི་སྤྱིར་བཏང་འཚོ་བའི་ཁྲོད་ཀྱི་བབ་ཆགས་ཀྱི་བརྩེ་བ་དེར་བསྟོད་པ་བྱས་མོད། འོན་ཀྱང་ངས་ཇི་ལྟར་ཁྱེད་ཀྱི་རྒྱབ་གཟུགས་བྲི། ངའི་སྨྱུག་ཁ་རྩ་ཆག་པ་བཞིན་གས་ཆག་ཤོར་བའི་ཐ་སྙད་དེ་དག་གིས་ཁྱེད་ཀྱི་ཡ་རབས་པའི་སྤྱོད་གཙང་དང་ཕྱི་ཐག་རིང་བའི་རང་གཤིས་དག་མཚོན་པར་དཀའ་བ་སེམས་ནས་གློ་བུར་བའི་འཚུབ་ཆ་ཆེན་པོ་ཞིག་ལངས་བྱུང་། ཡིན་ནས་ངས་རང་ཉིད་ཀྱི་སེམས་པ་གསལ་པོར་བཀླགས་ཐུབ་ཀྱིན་ཡོད། གཉིད་མ་ཁུག་པའི་སྔ་རོལ་ན་ད་གཟོད་ངའི་ཁྱོད་ཀྱི་རྒྱབ་གཟུགས་སེམས་ལ་ཡང་ཡང་འཆར་ཡོང་། ཉི་མ་ནུབ་རིའི་ལ་ཁ་ནས་རྒལ་དུས་ངའི་དྭངས་ར་གཡུ་མཚོའི་མཚམས་སྤྲིན་དང་དེའི་མདུན་གྱི་ཁྱེད་རང་ཡིད་ལ་ལྷང་ལྷང་དྲན་ཡོང་། ཀྱེ་ཀྱེ་སྙིང་ཉེ། དྲང་མོར་བརྗོད་ན་ངས་ཁྱེད་ལ་དགའ་བ་ནི་ལྐོག་གྱུར་གྱི་བརྩེ་བ་ཞིག་རེད། དེ་ལྟར་བྱེད་དོན་ནི་ངས་གདོང་ཐུག་གིས་ཕོ་གཤིས་མེད་པའམ་ཡང་ན་ཁྱེད་ལ་དགའ་བ་སོགས་ཀྱིས་མ་འདང་བ་མ་ཡིན་པར། གནས་སྐབས་ཀྱི་ཧུར་རྒྱུགས་ལས་ཁྱེད་ལ་ཕོག་ཐུག་འགྲོ་བ་ཞེད་པས་ཡིན།

དོན་དུ་དེ་ནི་ཕལ་ཆེར་ཁོ་བོ་ལོ་མང་བོའི་རིང་ལ་ཡིད་འགུལ་ཐེབས་སུ་འཇུག་པའི་བུ་མོ་ཞིག་དང་འཕྲད་པ་ཐེངས་དང་པོ་རེད། ཁྱེད་ནི་དྭངས་གཙང་ཞིང་ལྷིང་འཇགས་པའི་བུ་མོ་ཞིག་སྟེ། ཁྱེད་ཀྱི་ལུས་ལ་མ་རབས་ཀྱི་རྩུབ་སྤྱོད་ཟུར་ཙམ་བྲལ། མ་གཞི་གཞན་གྱི་མིག་ནང་ཁྱེད་ནི་སྤྱིར་བཏང་ཞིག་ཡིན་ཡང་སྲིད་མོད། འོན་ཀྱང་ཁྱེད་ཀྱིས་ངའི་སེམས་ཀྱི་དཔེ་དེབ་གྱི་ཤོག་ལེའི་ངོས་སུ་གཏམ་རྒྱུད་ཀྱི་ཡིག་འབྲུ་མང་པོས་བཀང་། དུས་དེ་ནས་བཟུང་ངའི་རྨི་ལམ་གྱི་ཕྱི་ནང་ཡོངས་ལ་ཁྱེད་ཀྱི་གཟུགས་རིས་ཀྱིས་ཁྱབ། ང་ཚོས་ནམ་ཡང་མི་ཤེས་པ་ནི་ཕྱི་མ་དང་སང་ཉིན་ཅི་ཞིག་སྔོན་དུ་ཡོང་མིན་དེ་རེད། དེར་བརྟེན་ངས་ནམ་ནམ་ཞར་ཞར་ཁྱེད་དང་མཉམ་དུ་ཡོད་པའི་དུས་ཚོད་སྐར་ཆ་རེ་རེ་ལའང་བརྩེ་འདང་ཆེན་པོ་བྱེད་ཀྱི་ཡོད། འོན་ཀྱང་ཁྱེད་ཡོད་པའི་དུས་ཚིགས་ནི་རྟག་པར་དེ་འདྲའི་འགྲོ་མགྱོགས་པ་ཞིག་རེད། ནམ་རྒྱུན་ངས་དཀོན་ཅོག་གསུམ་ལ་ཕྱག་དང་མཆོད་པ་གསོལ་བ་སྨོན་ལམ་འབུལ་ཐེངས་རེར་ངས་ཁྱེད་རང་བྱ་བ་ལམ་འགྲོ་ཡོང་བའི་སྐྱབས་འགྲོ་བྱེད་ཀྱི་ཡོད། ལྷག་པར་དུ་ཁྱེད་ལ་དམིགས་བསལ་གྱི་གྲུབ་འབྲས་རེ་འབྱུང་ཚེ་ང་རང་ཡང་རང་བཞིན་ཀྱིས་ཁྱེད་ཕྱིར་དགའ་བ་སྐྱེ་ལ་ཁྱེད་རང་བདེ་སྐྱིད་དེ་དང་ནམ་ཡང་མི་བྲལ་བའི་སྨོན་ལམ་ཡང་ཡང་འདེབས་ཀྱི་ཡོད། གལ་ཏེ་ནམ་ཞིག་ཁྱེད་རང་སྐྱོ་གདུང་ཞིག་གི་ཐག་སྣེ་རུ་འགྱུར་ཚེ། ངེད་གཉིས་ལ་ཤི་གསོན་བརྗེ་རེས་ཀྱི་ལས་དབང་ཞིག་གིས། ངས་ཁྱོད་ཀྱི་ལན་ཆགས་དང་བུ་ལོན་ཁྱེར་ནས། དམྱལ་བའི་ཁམས་ལ་ལན་རེ་འགྲིམས་དགོས་བྱུང་རུང་། ཁྱོད་ལ་ཐར་པ་ཡི་གོ་འཕང་འཐོབ་པར་འདོད།

ཀྱེ་ཀྱེ་སྙིང་ཉེ། ང་ལ་ཡོད་པ་ནི་ལྕགས་སྨྱུག་དང་དཔེ་ཆ་ལས་མེད། ཁྱོད་འགྲོ་ཁར་དེ་དག་མཉམ་དུ་ཁྱེར་རོགས། དཔེ་ཆའི་ཁ་ཤོག་ངོས་སུ་ངས་ཁྱེད་ལ་བྲིས་པའི་སྙན་ངག་ཡོད། མ་གཞི་སྙན་ངག་ནི་ཆེས་སྤྱིར་བཏང་བ་ཞིག་ཡིན་རུང་། ངས་ཁྱེད་ལ་བཅངས་པའི་སེམས་ཀྱི་བརྩེ་བ་ལྷད་ཀྱི་ཟུར་ཙམ་མེད། ད་ལྟ་ངའི་རིམ་བཞིན་ཁྱེད་ལ་དགའ་བ་ཇེ་རྒོད་དུ་འགྲོ་བཞིན་པ་ཚོར་ཤེས་ཐུབ་ཀྱིན་འདུག། འོན་ཏེ་མིག་སྔར་ང་ལ་ཤེས་འཇོན་སོགས་གང་ཡང་མེད་པས་ངས་ཁྱེད་ལ་ཅི་ཡང་བཤད་མ་ནུས། ཐེ་ཀོར་གྱིས་སྨྲ་བརྗོད་ཉུང་བ་ནི་མཛེས་པ་ཞིག་དང་། འོན་ཀྱང་རང་ཉིད་དགའ་སའི་མིའི་མདུན་དུ་ཁུ་སིམ་དུ་འཇུག་པ་ནི་གཉོད་ཆུང་གི་ཕོ་གཤིས་ཤིག་རེད་ཟེར་རུང་། ངས་ད་དུང་ལྷིང་འཇགས་ངང་ཁྱེད་ལ་དགའ་བར་འདོད། སེམས་བཟང་དང་མཛེས་སྡུག་སོགས་ཁྱེད་ལ་འཇགས་པའི་དགེ་མཚན་མང་པོས་ཕལ་ཆེར་མི་མང་པོ་ཞིག་གིས་ཁྱེད་དང་བར་ཐག་ཇེ་ཉེ་རུ་གཏང་ཨེ་ཐུབ་བྱེད་པ་སྲིད་མོད། འོན་ཀྱང་ངའི་ཞེ་བསམ་པའི་གཏིང་ནས་ཁྱེད་ལ་འབྱུང་འགྱུར་གྱི་བདེ་སྐྱིད་བསྐྲུན་པར་འདོད་པས། ངས་ཚིག་ཆག་སྟོང་པ་ཁྱུ་གཅིག་གིས་ཁྱེད་ཀྱི་རྣམ་ཤེས་ལ་སྒོ་ལྕགས་རྒྱག་པར་མི་བྲ། དེར་བརྟེན་ངས་ཁྱེད་ལ་ཁུ་སིམ་གྱི་འཛུམ་མདངས་སྟོན་པར་བྱ།

སྙིང་ཉེ་བའི་བསམ་གཏན་དབང་མོ་ལགས། ངའི་སེམས་ནི་སྙི་དྲགས་པས་རང་གཞན་གཉིས་ལ་ཕོག་ཐུག་བཟོ་བར་དོགས། ཁྱེད་ལ་ཁ་ཕྱོགས་པའི་དབྱར་གཞུང་དེ་ནས་བཟུང་། ངས་རང་ཉིད་སེམས་ཁམས་བརྟན་ལྷིང་ཅན་ཞིག་བྱ་རྒྱུར་སེམས་ཐག་བཅད་པ་ཡིན། སེམས་ཀྱི་ཕྱི་ངོས་སུ་ཕྱོགས་པའི་སྐྱོ་གདུང་གི་གདོང་རིས་ཆུ་ལ་གཡུགས་ནས་རྒྱང་རིང་རྒྱང་ལ་བསྐུར་བ་ཡིན། དུས་དེ་ནས་བཟུང་ངས་ཁྱེད་ཀྱི་འཚོ་བར་སྤྲོ་སྣང་གིས་ཕྱུག་པའི་རེ་བ་བྱེད་ཀྱིན་ཡོད།


  • ལེ་ཚན་སྔོན་མ།:སེ་ལེན་ཞུ་མཆིད་འདི་ཁྱོད་ལ་སྤྲིང་ན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།