ནང་སེམས་ཀྱི་མགུར་གླུ།

༼ འཕུར་སྐྱོད། ༽        2024-04-26

ཚེ་ཡི་སྐུད་ཐག་འོད་ཀྱིས་བསླས་པ་དེ།།

ཡིད་སེམས་སྒུལ་བྱེད་དྲན་རྟེན་ཉག་ཅིག་ཡིན།།

མེ་ལོང་གས་པའི་རི་ཉག་མཐོ་མ་མཐོ།།

པར་ཆུང་བཟོས་པའི་ཁྱོད་རང་ཉལ་ས་ཡིན།།

གློག་ཀླད་ནང་གི་བ་སྤུ་ཐར་ཐོར་ཞིག།

ལས་ཀྱི་གུར་ཆུང་ནང་ནས་བཞད་པ་ཡང་།།

ཅི་ཙམ་གསངས་ཀྱང་གསང་ཐབས་མེད་པ་འདི།།

ཚེ་སྔོན་ལན་ཆགས་ལྕི་མོ་ཡིན་པ་འདྲ།།

དུང་སེམས་ཕར་ལ་ཤོར་བའི་ཆང་ཕོར་ནང་།།

འུ་གཉིས་ཞེས་པའི་ཡིག་འབྲུ་སྟོང་གཅིག་ཡོད།།

ཡིག་འབྲུ་རེ་ལ་གསེར་དངུལ་ལ་སོགས་རྒྱན།།

རིན་ཆེན་རྒྱན་ཆ་སྟོང་གི་དོ་ཟླ་མིན།།

ཁེར་རྐྱང་རྐང་ལམ་རིང་ཡང་མི་སྐྱོན་ཏེ།།

སྙིང་གཏམ་འོ་མ་འདྲ་ཞིག་སེམས་སུ་འཁྱིལ།།

དྲན་གདུང་རླབས་ཕྲེང་རིང་མོ་འཕྱོ་ན་ཡང་།།

དུས་ཆད་བྱས་པའི་ཚེས་གྲངས་གསལ་ཁ་ཡོད།།

གཡང་ཁུག་གུ་རུ་མཚན་བརྒྱད་འདྲ་ཞིག་ནང་།།

གཡང་རྫས་རྙེད་ཐབས་དཀའ་བ་ཁ་ཤས་ཡོད།།

གཡང་དར་དཀར་པོ་འདི་ཉིད་མ་ཆད་པར།།

གཡང་ཁུག་རྩལ་ཆེན་འདི་ཉིད་ངས་མི་འབོར།།

དགོད་ཉམས་ཤོར་བའི་ཨུཏྤལ་མེ་ཏོག་བཞིན།།

མཚམས་སྤྲིན་ཐར་ཐོར་ཕར་ལ་བཞུད་ཤུལ་ན།།

དྲན་པའི་གདུང་བས་མནར་བའི་ཕྱེ་མ་ལེབ།།

རྟོག་པའི་གཟན་གྱིས་དངོ་ཡང་བཏུམས་ནས་དགོད།།

ཉིན་མཚན་གཉིས་ལ་འཇའ་ཚོན་གཟུགས་མེད་མ།།

རུམ་དུ་བསྙལ་ནས་རྣམ་རྟོག་མགུར་འགའ་བླངས།།

མགུར་གླུ་འཛོམས་པ་རང་གྲོལ་ཞེས་བླངས་མཐར།།

ཉི་ཟླའི་ཡིད་སེམས་སྐྱེངས་ནས་གད་མོ་དགོད།།

མིག་ཟུང་ཧ་ཅང་གཟིར་བའི་ཤོག་ངོས་སུ།།

ཞེ་གདིང་རབ་ཏུ་དངངས་པའི་རི་མོ་ཞིག།

ཁྱོད་ཀྱིས་བདག་ལ་བྲིས་ཤོག་མ་ཟེར་རུང་།།

བྲིས་ནས་ས་གཞི་ཡམ་ཡོམ་འགུལ་ནས་ཐལ།།

རྒྱབ་གཟུགས་ལས་མེད་དེ་ལ་ཁེན་པ་དག།

ཁྱོད་ཀྱི་པར་ཆས་ངོས་སུ་རུད་ན་ཡང་།།

ནམ་མཁའ་སྔོན་པོ་འདི་ཡི་འོག་རོལ་ན།།

བདག་ལ་ཁྱོད་ལས་མེད་པ་སུ་ཡིས་ཤེས།།

རྙི་ལ་ཚུད་པའི་ནགས་ཚལ་སྟུག་པོ་འདི།།

ཕོ་བྲང་དེ་ནས་ཁྱོད་ལ་ལེགས་སྐྱེས་ཕུལ།།

ད་ནི་ཕོ་བྲང་གློ་རྡེག་འབོར་སོང་བས།།

མ་བཅོས་རང་བྱུང་ནགས་ཚལ་ཕྱི་ལ་སྤྲོད།།

འགྲན་རྩལ་བརྒྱ་དང་བརྒྱད་ཅེས་བྱེད་གླགས་སུ།།

ཁྱོད་ཀྱི་ལྭ་བ་ཧ་ཅང་མཛེས་སྣང་ཤར།།

ལྭ་བའི་ཧྭ་བཞིན་སེམས་ཆུང་དམར་རོ་གཉིས།།

མཐུན་རྒྱུ་ཡོད་ན་ཅི་ཞིག་བྱས་ན་བྱེད།།

མགོ་བོ་གས་པའི་བརྩེ་ཆང་ཐོག་མ་དེ།།

བདག་ལ་མ་དྲང་གཞན་ལ་འབུལ་ཤོག་ཨ།།

གཞན་གྱི་ཡིད་སེམས་ཚིམས་ན་འགྲིག་ནི་རེད།།

བདག་གི་མཁར་རྫོང་ཞིག་ན་ཨ་ཅང་དངངས།།

ལས་འཕྲོ་ཡོད་མེད་ལྷ་དང་བླ་མར་འདྲི།།

ཕུགས་བསམ་མུ་ཏིག་འདི་དང་མ་འགལ་ན།།

མཚན་གྱི་མེ་ཏོག་དེ་ཉིད་གཏུལ་དགོས་རུང་།།

དགག་སྒྲའི་ཚིག་གཅིག་མི་བཤད་ཁོ་ཐག་ཡིན།།

ཁྱིམ་མཚེས་ཤིང་སྡོང་ཧ་ཅང་རིང་མོ་བཞིན།།

གྲིབ་མེད་སེམས་སུ་སེམས་ཤིག་འཐིམ་གྱུར་ན།།

ལས་བདག་ལྷ་དང་ཀླུ་རྒྱལ་སུ་ཡིན་རུང་།།

དོན་མེད་འོད་ཟེར་མི་གླེང་ཁོ་ཐག་རེད།།

འཕགས་མ་དབྱངས་ཅན་མ་ལས་དགའ་མེད་ཀྱང་།།

ཁྱོད་ཀྱང་ཡིད་ལ་དྲག་ཏུ་བབས་ནས་བྱུང་།།

ཁ་ཚིག་མཐུན་ཐབས་ཟད་པའི་འཇའ་ཚོན་དག།

ལག་པས་འཛིན་ཚིས་མེད་པ་ཡི་རེ་ཕངས།།

དྲི་མས་བཟོས་པའི་སྒེའུ་ཁུང་ནག་ནོག་ནང་།།

ཟླ་འོད་མ་གཏོགས་ཉི་ཟེར་མ་འཕྲོས་པས།།

ཉི་མ་གང་འཁྱོལ་ཅན་གྱི་སྨིན་དཀྱུས་འདིས།།

ཞེ་མཐུན་སྐུད་ཐག་བཅད་ནས་ཅི་ཞིག་བྱེད།།

གྲོག་མ་དམག་ལ་ཆས་པའི་རྗེས་ཤུལ་ན།།

རྐང་དྲི་གསོན་པོ་སྐོར་ཅིག་དལ་དལ་འཐུལ།།

ཤད་ཀྱི་རྒྱ་མཚོ་སྐམ་པའི་ཉལ་གདན་ཐོག།

ལས་མཐུན་སྦུན་ནག་འདི་ལས་གང་མ་མཆིས།།

མགྲོན་པོའི་མིག་ཟུང་དེ་ཉིད་དགོད་པ་ན།།

ཞྭ་མོ་སེར་པོ་ཐང་ལ་ལྷུང་ནས་ཐལ།།

ཞྭ་ལུང་ཆད་པའི་རྒས་པོ་སྨྱོན་པ་ཡིས།།

བདག་གི་ཕོ་བྲང་ནང་ན་ཁྲེལ་དགོད་བྱེད།།

སང་ཉིན་ཞེས་པའི་ཐ་སྙད་མང་མང་ཞིག།

ཡོད་ཡོད་འདྲ་ལ་མེད་མེད་དེ་བཞིན་ཡང་།།

མཚོ་མོའི་སྐྲ་ཉག་ཆད་པའི་སྔངས་པ་འདི།།

ཅི་ཡི་མི་འཕྱན་སེམས་སུ་ཉར་ནས་ཅི།།

སྡུག་གཏམ་ཡུས་གཏམ་བརྒྱ་ཞིག་བྱས་པ་ན།།

མགྲིན་པའི་འཁོར་ལོ་ངང་གིས་འཁོར་འཁོར་བྱེད།།

འཁོར་བ་རེ་ཡར་ཕར་ལ་བསྐྱལ་མཚམས་སུ།།

འཁོར་བའི་རྣམ་རྟོག་ཁ་ཤས་ལུས་ནས་འདུག།


  • ལེ་ཚན་སྔོན་མ།:མདོག་འགྱུར་གྱི་ལོ་ཟླ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།