དཔྱིད་དཔལ་བུ་མོའི་མགྲིན་གླུ།

གངས་ཆབ་ལྷ་སྲས།        2024-04-19

དཔྱིད་ཀ་གྲངས་ལ་བརྩིས་ན་དང་པོ་ཡིན།།

དཔྱིད་ཀ་ཚེས་ལ་བསྟུན་ན་དང་པོ་ཡིན།།

དཔྱིད་ཀ་དྲོད་དང་བསྲེས་ན་ཐོག་མ་ཡིན།།

དཔྱིད་ཀ་དུས་ཀྱི་སྐུ་མགྲོན་དང་པོ་ཡིན།།

དཔྱིད་ཀྱི་ལང་ཚོ་སྨིན་ཚེ་མི་རྣམས་དགྱེས།།

དཔྱིད་ཀྱི་གཟི་དཔལ་ངོམ་ཚེ་མེ་ཏོག་འཛུམ།།

དཔྱིད་ཀྱི་མཛེས་སྡུག་རོལ་ལ་བྲེལ་བ་ཡིས།།

དཔྱིད་ཀྱི་ཕོ་ཉ་ཉིན་དང་མཚན་ལ་ལྡང་།།

དཔྱིད་ནི་འཚོ་བ་དྲོད་ཀྱིས་གཉོར་ནི་ཡིན།།

དཔྱིད་ནི་མེ་ཏོག་སྤང་ལ་དགྲམ་ནི་ཡིན།།

དཔྱིད་ནི་གཡང་ལ་ཆགས་པའི་རུ་མ་ཡིན།།

དཔྱིད་ནི་དུས་བཞིའི་ནང་གི་ཡང་སྙིང་ཡིན།།

དཔྱིད་དཔལ་ལྷ་མོའི་གར་གྱིས་བསླུས་པ་ང་།།

དཔྱིད་ཉི་སེར་པོས་གསོས་པའི་པད་མ་ང་།།

དཔྱིད་འགོའི་མེ་ཏོག་འཁྲེང་བའི་བུང་བ་ང་།།

དཔྱིད་རླུང་བསིལ་བ་བརྒུམ་པའི་ཁེར་འགྲོ་ང་།།

དཔྱིད་ལ་སྙན་ངག་བྲིས་ཏེ་རང་སེམས་གསོ།།

དཔྱིད་ལ་འཁྱམ་ཉུལ་བྱས་ཏེ་སྤྲོ་གསེང་གཏང་།།

དཔྱིད་ལ་མི་རྣམས་འགྲོགས་ཏེ་སྐྱིད་ལ་རོལ།།

དཔྱིད་ལ་རེ་འདུན་བཅོལ་ནས་མདུན་དུ་ཆས།།

དཔྱིད་ཟླ་ཁྱོད་ནི་མི་ཡུལ་ཁམས་ཀྱི་རྒྱན།།

དཔྱིད་ཟླ་ཁྱོད་ནི་བསིལ་ལྡན་ཡུལ་གྱི་ནོམ།།

དཔྱིད་ཟླ་ཁྱོད་ཉིད་དྲན་པའི་འཕྲིན་པ་འདི།།

དཔྱིད་ས་ལུང་ནས་ཁྱོད་ལ་ཕུལ་བ་ལགས།།


  • ལེ་ཚན་སྔོན་མ།:དཔྱིད་ཀྱི་དཔལ་མོ།
  • ལེ་ཚན་རྗེས་མ།:དལ་གྱིས་ལྡང་བའི་དཔྱིད་རླུང་།