དཔྱིད་དཔལ་སྒེག་མོར་བསྟོད་པའི་གླུ།

༼ ཨོ་ཏོག་བསྟན་ཉི། ༽​        2024-04-17

གཅིག།

རྨི་ལམ་ལྗོན་པའི་རྩེ་མོར། །

མཆུ་སྒྲོས་འདབ་གསར་འཁྲུངས་པས། །

ཁུ་བྱུག་སྔོན་མོ་ཞིག་གིས། །

གསུང་སྐད་ལན་འགའ་བསྒྲགས་བྱུང་། །

བདག་བློ་ལྕང་གླིང་དབུས་སུ། །

ཁུ་བྱུག་འབབ་པ་མིན་ཡང་། །

འགྱུར་ཁུག་སྙན་པའི་གསུང་གིས། །

ལུས་སེམས་ལྷོད་ལ་ཕབ་བྱུང་། །

ལྷོད་ཀྱིས་ཕྱུག་པའི་མཚམས་དེར། །

སླར་ཡང་བསིལ་རླུང་ཞིག་གིས། །

ང་ཡི་འགྲམ་པའི་གཡས་གཡོན། །

བྱིལ་བྱིལ་ལན་འགར་བྱས་སོང་། །

དགུན་ཁའི་རླུང་ནི་མ་རེད། །

གྲང་གིས་གཙེས་ཀྱི་མི་འདུག །

མཐོན་པོ་དགུང་ལ་ལྟ་དུས། །

བྱིའུ་ཁྱུ་ཕར་འཕུར་ཚུར་འཕུར། །

དམའ་མོ་ཐང་ལ་ལྟ་དུས། །

འབུ་སྲིན་མལ་ནས་ལངས་འདུག །

སྐབས་དེར་ང་ཡི་སེམས་སུ། །

དགུན་གྱི་རླུང་དང་ཁ་བ། །

ད་ནངས་སྐྱ་རེངས་བུ་མོས། །

རི་བོའི་ཕར་ངོགས་སྤྱུགས་ནས། །

རེ་བའི་མེ་ཏོག་གསར་པ། །

འཆར་ལ་ཉེ་བ་དྲན་བྱུང་། །

གཉིས།

སླར་ཡང་གསུང་སྙན་གཞན་གྱིས། །

ལྡིར་སྒྲ་ལན་འགའ་གྲགས་ནས། །

སྐྱིད་པོའི་གཉིད་ལས་དཀྲོགས་བྱུང་། །

མིག་ཟུང་ཕྱེས་ནས་ལྟ་དུས། །

སྐྱ་རེངས་ཤར་བས་མི་ཚད། །

ཁྲི་གདུགས་ཉི་མ་འཛུམ་འདུག །

ནངས་ཇར་རྩམ་པ་བཟས་ནས། །

ཁུ་སིམ་སྤྱི་གླིང་ར་བར། །

འཆམ་འཆམ་བྱེད་པར་ཕྱིན་པས། །

རྩྭ་ལྗང་མྱུ་གུ་འགའ་རེ། །

མགོ་བོ་འབུས་ཙམ་བྱས་ནས། །

འགྲམ་པ་ས་ལ་སྦྱར་འདུག །

སྙིང་རྗེའི་བློ་ཞིག་བསྒོམས་ནས། །

རོགས་རམ་བྱེད་དགོས་བསམ་ཡང་། །

ཆུང་ཆུང་རྩྭ་ལོ་དེ་ཚོས། །

ང་ནི་དཔྱིད་ཀའི་རླུང་བུའི། །

གྲོགས་ཀྱི་ཡང་རྩེ་ཡིན་པས། །

རོགས་རམ་བྱེད་དགོས་མི་འདུག །

ནམ་ཟླ་དཔྱིད་ཀ་ཚེས་བྱུང་། །

ཁུ་བྱུག་མོན་ནས་ལོག་བྱུང་། །

ལུས་ཀྱི་ཚ་དྲོད་འཕེལ་བྱུང་། །

གསོན་ཤུགས་འདང་ངེས་ཡོད་ཟེར། །

གསུམ།

སེམས་པ་ཁྱིམ་ལ་ཕྱོགས་ནས། །

གོམ་ཆུང་མདུན་དུ་སྤོ་ཞོར། །

ཁྲ་ཆུང་ཆུ་འབུར་མིག་གིས། །

མཐའ་ཡི་ཁོར་མོ་ཡུག་ཏུ། །

ཟུར་མིག་ལན་འགའ་འཕངས་པས། །

རེ་བའི་དུས་ཚིགས་ཐོག་མ། །

ངོ་མ་ཐོན་པར་ཡིན་འདྲ། །

གནམ་འདེགས་རི་བོ་མཐོན་པོས། །

དགུན་ཆས་སྲིང་བལ་ཕུད་ནས། །

འཛུམ་ཆུང་མེ་ཏོག་སྟོན་འདུག །

ང་ཡིས་ལག་ཟུང་བརྐྱངས་ནས། །

རང་བྱུང་ཁམས་ཀྱི་མཛེས་པ། །

སེམས་ཀྱི་ཟབ་སར་བཅུག་ནས། །

གོམ་པ་ལྷོད་དུ་བཏང་སྟེ། །

དཔྱིད་ཀྱི་རྒྱལ་མོ་ལྷན་དུ། །

ཕ་ཡུལ་དག་པའི་ཞིང་དུ། །

ལོག་འདོད་ཞེ་དྲག་སྐྱེས་བྱུང་། །


  • ལེ་ཚན་སྔོན་མ།:སྒྲ་རྒྱན་དབྱངས་ཅན་འཛུམ་རིས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།