ཧྲེང་དབྱང་གིས་ཁུལ་རིམ་པའི་མགོ་ཁྲིད་ལས་བྱེད་པ་དང་རྫོང་ཁྲུའུ་རིམ་པའི་འགན་ཁུར་བློ་མཐུན་གཙོ་བོའི་འཕེལ་རྒྱས་སྤུས་ཚད་མཐོན་པོ་དང་བདེ་འཇགས་སྤུས་ཚད་མཐོན་པོ་ཡོང་བར་སྤྱི་འདོམས་བྱེད་པའི་ཆེད་དོན་དཔེ་ཀློག་འཛིན་གྲྭར

( སྐལ་ཐུབ་ཀྱིས་བསྒྱུར།)        2024-04-17

སྤྱི་ཟླ4པའི་ཚེས7ནས10ཉིན་བར། ཁུལ་རིམ་པའི་མགོ་ཁྲིད་ལས་བྱེད་པ་དང་རྫོང་ཁྲུའུ་རིམ་པའི་འགན་ཁུར་བློ་མཐུན་གཙོ་བོའི་འཕེལ་རྒྱས་སྤུས་ཚད་མཐོན་པོ་དང་བདེ་འཇགས་སྤུས་ཚད་མཐོན་པོ་ཡོང་བར་སྤྱི་འདོམས་བྱེད་པའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་སི་ཁྲོན་རྒྱང་སྐྱོད་ལས་བྱེད་སློབ་གླིང་དཀར་མཛེས་ཁུལ་ལྕགས་ཟམ་ཡན་ལག་སློབ་གླིང་དུ་བཙུགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་འགོ་ཚུགས་མཛད་སྒོར་ཞུགས་ཤིང་ཆེད་དོན་སྙན་སེང་ཞུས་པ་དང་། མཇུག་གྲིལ་མཛད་སྒོ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ་རེད། ཁོང་གིས་བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱེད་ཅིང་། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱེད་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སྦྱངས་ནས་ཁོང་དུ་ནན་ཏིག་ཆུབ་པ་དང་། ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ཁག་ལག་ལེན་མཐའ་གཅིག་ཏུ་བསྟར་བ། སྔར་ལྷག་གིས་ངོས་འཛིན་གཅིག་མཐུན་གཅིག་འདུ་དང་ཡིད་ཆེས་བརྟན་པོར་བཟོ་བ། དཀའ་སྒྲུབ་དངོས་སྒྲུབ། གསར་འབྱེད་ཡར་བརྩོན་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གྱི་ལེའུ་གང་ཐུབ་བྲིས་ནས་སི་ཁྲོན་བཅོས་སྐྱོང་དར་སྤེལ་སྐས་རིམ་གསར་པར་བསླེབ་པ་དང་རྒྱལ་ཁབ་སྟོབས་ཆེན་སྐྲུན་ཅིང་མི་རིགས་བསྐྱར་དར་ཡོང་བའི་ཆེད་དཀར་མཛེས་ཁུལ་གྱི་སྟོབས་ཤུགས་འབུལ་དགོས་ཞེས་ནན་གསུང་གནང་བ་རེད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་འཛིན་གྲྭའི་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཏེང་ལི་ཅུན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀྲང་ཐུང་རུང་དཔེ་ཀློག་འཛིན་གྲྭར་ཞུགས།

ཧྲེན་དབྱང་གིས་བསྟན་དོན། དཀར་མཛེས་ཁུལ་གྱི་འཕེལ་རྒྱས་སྤུས་ཚད་མཐོན་པོ་དང་བདེ་འཇགས་སྤུས་ཚད་མཐོན་པོ་ཡོང་བར་སྤྱི་འདོམས་བྱེད་པའི་གནས་བབ་དང་ལས་འགན་ཁོང་དུ་ཆུད་དགོས། འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བ་རྒྱུན་འཁྱོངས་པ་དེ་དུས་རབས་གསར་པའི་དཀར་མཛེས་ཁུལ་དེང་རབས་ཅན་འཛུགས་སྐྲུན་གྱི་གནས་ལུགས་འགྱུར་མེད་དུ་བརྩི་དགོས། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པས་གཙོས་བྱས་ནས་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་རྨང་གཞི་གལ་ཆེན་སྲ་བརྟན་གཏང་དགོས། བཅོས་བསྒྱུར་གསར་གཏོད་ཀྱིས་ཐོན་སྐྱེད་སྟོབས་ཤུགས་སྤུས་གསར་སྐྱེད་སྲིང་ལ་སྐུལ་ཅིང་ཁྲིད་དེ་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བའི་ཆ་སྙོམས་རང་བཞིན་ཆེ་རུ་གཏང་དགོས། མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་བསམ་བློ་ལག་ལེན་མཐའ་གཅིག་ཏུ་བསྟར་ནས་མཉམ་དུ་ཕྱུག་འབྱོར་ཡོང་བར་གོམ་སྟབས་སྲ་ཞིང་བརྟན་པ་སྤོ་དགོས། བོད་བརྟན་ཁམས་བདེ་ཡོང་བ་དང་མཐའ་འཁོར་འཐབ་ཇུས་གནད་ས་ཇུས་གཉེར་གྱི་འགན་འཁྲི་གལ་ཆེན་མཐའ་གཅིག་ཏུ་བརྟན་པོར་འཁུར་དགོས། སྤྱི་ཚོགས་བརྟན་བརླིང་མཐའ་གཅིག་ཏུ་སྲུང་བ་དང་ཁྲིམས་ལྟར་ཆོས་ལུགས་བྱ་གཞག་དོ་དམ། མི་རིགས་མཐུན་སྒྲིལ་ལ་ཁྱོན་ཡོངས་ནས་སྐུལ་སྤེལ། བདེ་འཇགས་ཀྱི་མཐིལ་ཚད་ཤུགས་ཡོད་རྒུས་བསྲུང་དགོས།

ཧྲེན་དབྱང་གིས་ཁུལ་ཡོངས་ཀྱི་རིམ་ཁག་དང་སྡེ་ཁག་གིས་ཇི་མ་ཇི་བཞིན་དང་མྱུར་སྤྱོད་ཚ་པོ། དམ་པ་དོན་གཉེར། སྒྲུབ་ཕོད་གྲུབ་མཁས་བཅས་ཀྱི་སྒོ་ནས་དོན་ཐོག་འཁྱོལ་བ་དམ་དུ་འཛིན་ཅིང་། དུས་རབས་གསར་པའི་དཀར་མཛེས་ཁུལ་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། འབད་འཐབ་ཡར་བརྩོན་དང་གདོང་ལེན་ཞུམ་མེད་ཀྱི་ངར་ཤུགས་མཐའ་གཅིག་ཏུ་འཁྱོངས་ནས་མཐུན་སྒྲིལ་དང་ཕྱུག་འབྱོར། འཆམ་མཐུན། མཛེས་སྡུག་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་མགྱོགས་པོར་བསྐྲུན་དགོས་ཞེས་བསྟན་པ་རེད།

ཁུལ་མགོ་ཁྲིད་དང་འབྲེལ་ཡོད་འགན་ཁུར་བ་དཔེ་ཀློག་འཛིན་གྲྭར་ཞུགས་ཡོད།།

  • ལེ་ཚན་སྔོན་མ།:ཧྲེན་དབྱང་གིས་ཤར་ཕྱོགས་གསར་པ་སློབ་གསོ་ཚན་རྩལ་ཚོགས་པའི་རྐང་དཔོན་ཡུས་རྨིན་ཧུང་དང་མཇལ་འཕྲད་གནང་།
  • ལེ་ཚན་རྗེས་མ།:རང་ཁུལ་ཞིང་ལས་འཕྲུལ་ཆས་ཀྱིས་དཔྱིད་རྨོད་ཐོན་སྐྱེད་ ལ་གཞོགས་འདེགས་བྱས།
  • དོ་སྣང་ཆེ་བའི་རྩོམ།