མཉམ་འགོག་མཉམ་བཅོས་ཐོག་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་ཁྱོན་ཡོངས་ནས་སྤེལ། རང་ཁུལ་གྱིས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཉེན་བརྡ་ཉིན་མོར་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ།

(སྐལ་བཟང་རྒྱ་མཚོས་བསྒྱུར།)        2024-04-03

      སྤྱི་ཟླ3པའི་ཚེས30ཉིན་ལ།རང་ཁུལ་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་དྲིལ་བསྒྲགས་ལས་དོན་ལ་ཤུགས་རྒྱག་པ་དང་སྤྱི་ཚོགས་ཡོངས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ནང་ཞུགས་པ་དང་།ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་མཛེས་སྡུག་ལྡན་པའི་དཀར་མཛེས་ཁུལ་གྱི་རི་ཀླུང་ལ་སྲུང་སྐྱོང་ཡག་པོ་བྱ་ཆེད། ཁུལ་ནགས་ཚལ་དང་རྩྭ་ཐང་མེ་ཟོན་མེ་གསོད་བཀོད་འདོམས་པུའུ་གཞུང་དོན་ཁང་གིས་སྣེ་ཁྲིད་དེ་ཁུལ་ནགས་ཚལ་དང་རྩྭ་ཐང་ཅུས་དང་ཁུལ་འཚུབ་བསྟུན་དོ་དམ་ཅུས་གཉིས་ཀྱིས་སྒྲུབ་འགན་འཁུར་ནས་རང་ཁུལ་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཉེན་བརྡ་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ། ཉིན་དེའི་སྔ་དྲོའི་ཆུ་ཚོད9པར། ཁུལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་གཟུགས་ལམ་བཀོད་གཏོང་ཚོགས་འདུ་ཁུལ་འཚུབ་བསྟུན་དོ་དམ་ཅུས་ཀྱི་འཚུབ་བསྟུན་བཀོད་འདོམས་ལྟེ་གནས་སུ་འཚོགས་ཡོད། ཚོགས་འདུར་བརྒྱད་ཟིལ་རྫོང་དཀར་ཆུས་གྲོང་རྡལ་གནས་ལྷ་མེ་ཟོན་ས་ཚུགས་དང་རོང་བྲག་རྫོང་དགེ་བཤེས་རྩ་གྲོང་རྡལ་གྱི་ཆུ་འཁུར་རླང་འཁོར་གྱིས་ཆུ་གཏོར་ལས་སྒྲུབ་བྱེད་ཡུལ། ལྕགས་ཟམ་རྫོང་སྡེ་དབུས་གྲོང་རྡལ་རི་འཐག་ཕུའི་འབར་རྫས་མཛོད་ཀྱི་དམིགས་ཚད་ཉིས་བརྩེགས་ཀྱི་མངོན་མེད་རྐྱེན་ངན་ཁེར་བཤེར་བྱེད་ཚུལ། འདབ་པ་རྫོང་ཤམ་བྷ་ལ་གྲོང་རྡལ་རིང་གྲོང་སྡེ་བའི་ནགས་ཚལ་དང་རྩྭ་ཐང་ལྟ་སྲུང་བྱེད་མཁན་གྱིས་ལྟ་སྐོར་བྱེད་ཚུལ། མི་རྒོད་མཚོ་ལྗོངས་ཁུལ་གྱི་ནགས་ཚལ་རྩྭ་ཐང་མེ་ཟོན་མེ་གསོད་དོ་དམ་ཚོད་འཛིན་བྱེད་ཚུལ། ཁུལ་འགྲིམ་འགྲུལ་ཅུས། ཁུལ་གྲོང་ཁྱེར་དང་གྲོང་སྡེ་འཛུགས་སྐྲུན་གྱི་མ་རྩ་འཇོག་པའི་ཚོགས་པ། འདབ་པ་རྫོང་གི་ནགས་ཚལ་མེ་ཟོན་གྲབས་སྦྱོང་ཡུལ་དངོས་སོགས་ལ་སྦྲེལ་ནས་འབྲེལ་ཡོད་ཀྱི་ལས་ཀ་ལས་ཚུལ་རྒྱུས་ལོན་བྱེད་པ་དང་སྦྲགས་འབྲེལ་ཡོད་རྫོང(གྲོང་ཁྱེར)ཁག་གི་ཉེ་ཆར་ནགས་ཚལ་དང་རྩྭ་ཐང་མེ་ཟོན་མེ་གསོད་ཀྱི་ལས་དོན་སྤེལ་ཚུལ་ལ་ཉན་ཡོད། ཚོགས་འདུར་ནན་པོར་བསྟན་དོན། རིམ་པ་སོ་སོའི་སྡེ་ཚན་ཁག་གིས་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏང་དགོས། དུས་དང་རྣམ་པ་ཀུན་ཏུ་ཉེན་ཟོན་ཉེན་བརྡ་གཏོང་བར་དོགས་གཟབ་བྱ་དགོས་པ་དང་། དོགས་ཟོན་བྱ་ཐབས་ཞིབ་ཕྲ་བཟོ་བ། མེ་སྐྱོན་སེལ་བའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་ཁུལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས། ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་སྔོན་བརྡ་གཏོང་བར་ཤུགས་བརྒྱག་དགོས། ཤུགས་ཡོད་རྒུས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་ཉེན་ཁར་ཁེར་བཤེར་བྱས་ནས་དུས་ཐོག་ཏུ་མེ་སྐྱོན་གྱི་ཉེན་ཟོན་སྔོན་བརྡ་བཏང་སྟེ་ཉེན་ཟོན་སྔོན་བརྡ་རིམ་པ་དབྱེ་བ་དང་གནད་དུ་ཁེལ་བ། ཉེན་ཁ་འགོག་སྲུང་ཐུབ་པ། གྲ་སྒྲིག་ཡོད་ཅིང་སྐྱོན་མི་ཡོང་བ་བྱ་དགོས། མེ་ཁུངས་དོ་དམ་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏང་དགོས། མང་ཚོགས་ཀྱི་མཉམ་འགོག་རྩ་འཛུགས་དང་ནགས་སྲུང་བའི་ནུས་པ་བཏོན་ནས་མེ་སྤྱོད་དོ་དམ་དང་རི་ཁུལ་དུ་ལྟ་ཞིབ་བྱེད་པ། ནགས་ནང་སྐོར་གཡེང་བྱེད་པ་སོགས་ཀྱི་བྱ་ཐབས་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་དགོས། འཚུབ་བསྟུན་གྲ་སྒྲིག་ཡག་པོ་བྱ་དགོས། ལས་ཡུལ་དངོས་སུ་བསྐྱོད་ནས་ལས་དོན་སྒྲུབ་པ་དང་མགོ་ཁྲིད་ཀྱིས་སྣེ་ཁྲིད་བྱེད་དེ་ཆུ་ཚོད24རིང་གི་ལས་རེས་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་དང་། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏང་དགོས། དྲིལ་བསྒྲགས་སློབ་གསོ་དེ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ལས་དོན་གྱི་འགོག་སྲུང་ར་བ་ཨང་དང་པོར་བརྩིས་ནས་མེ་ཟོན་ཤེས་བྱ“ཕྱོགས་བདུན་ལ་སྤེལ”ཏེ་དམངས་ཡོངས་ཀྱིས་མེ་ཟོན་དང་།ལྟ་སྐུལ།ལག་ལེན་བཅས་བྱེད་པའི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཀྱི་སྣང་ཉམས་ལེགས་པོ་ཞིག་གཏོད་དགོས། ཁུལ་ནགས་ཚལ་དངརྩྭ་ཐང་མེ་ཟོན་མེ་གསོད་བཀོད་   འདོམས་པུའུ་གཞུང་ལས་ཁང་དང་པོའི་ཚོ་ཆུང་དྲུག་པའི་ལས་བགོས་འགན་འཁུར་བ་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས་པ་དང་། རྫོང(གྲོང་ཁྱེར)ཁག་གི་སྲིད་གཞུང་གི་ལས་བགོས་འགན་འཁུར་མི་སྣ་དང་དེ་བཞིན་རྫོང་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་བཀོད་འདོམས་པུའུ་གཞུང་ལས་ཁང་དང་པོའི་ཚོ་ཆུང་དྲུག་པའི་ལས་བགོས་འགན་འཁུར་མི་སྣ་སོགས་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས་ཡོད། ཉིན་དེའི་སྔ་དྲོའི་ཆུ་ཚོད10པར། དཀར་མཛེས་ཁུལ་གྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཉེན་བརྡ་ཉིན་མོའི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ་བའི་མཛད་སྒོ་དེ་མཛའ་གཞས་ཐང་ཆེན་དུ་འགོ་བཙུགས་ཡོད། ཞིང་ཆེན་ནགས་ཚལ་མེ་ཟོན་བཀོད་འདོམས་པུའི་ཆེད་བསྐོས་བཀོད་འདོམས་མགོ་གཙོ་གཞོན་པ་ཀྲང་ཧུང་ཝུའེ་འགོ་ཚུགས་མཛད་སྒོར་ཞུགས་ཡོད། མཛད་སྒོ་སྤེལ་ཡུལ་དུ་དར་མདོ་གྲོང་ཁྱེར་གྱི་ནགས་སྲུང་རྩྭ་སྲུང་པའི་འཐུས་མི་དང་ཁུལ་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག། རྒྱལ་ཁབ་གློག་དྲྭ་དཀར་མཛེས་ཡན་ལག་སྤྱི་གཉེར་ཁང་བཅས་ཀྱིས་འབྲེལ་ཡོད་མི་སྣས་སྔ་རྗེས་སུ་གཏམ་བཤད་བྱས་པ་དང་། ཆུ་འཐེན་འཕྲུལ་ཆས་དང་ཆུ་རགས། ཤིང་གཅད་འཕྲུལ་ཆས་སོགས་སྒྲིག་ཆས་བཤམས་པ། ནགས་ཚལ་དང་རྩྭ་ཐང་མེ་ཟོན་མེ་གསོད་ཀྱི་སྲོལ་ཡིག་དང་། མེ་སྐྱོན་རང་སྐྱོབ། མེ་གསོད་བྱ་ཐབས་སོགས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཤེས་བྱ་བསྒྲགས་པ། ཉེན་ཟོན་སློབ་གསོའི་བརྙན་གཏང་བ་སོགས་ཁྱད་ལྡན་གྱི་ནང་དོན་ཕུན་སུམ་ཚོགས་པོས་ཡུལ་དངོས་སུ་ཕེབས་པའི་མི་སུ་དང་སུ་ཡིན་རུང་ཧ་ལས་བཅུག་ནས་མཐེ་བོང་བསྒྲེངས་ཡོད། ད་དུང་། ཡུལ་དངོས་སུ“ངས་འབོད་སྐུལ་བྱེད་པ་དང་ངས་ལག་ལེན་བསྟར་བ་ཡིན”ཞེས་པའི་བྱ་འགུལ་སྤེལ་བ་དང་མིང་རྟགས་བཀོད་ཡོད། ཉིན་དེར། “ནགས་ཚལ་མེ་ཟོན་གྱི་སློབ་ཁྲིད་ཆེན་མོ”དེ་དར་མདོ་སློབ་འབྲིང་དུ་སྤེལ། ཐེངས་འདིའི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་ཤེས་བྱའི་འཆད་ཁྲིད་བརྒྱུད་དེ་ཁུལ་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་རྟའུ་རུ་ཆེན་གྱི་མ་པང་ཧྭ་ཡིས་སློབ་མ་ཚོར་ནགས་ཚལ་མེ་སྐྱོན་གྱི་རྒྱུ་རྐྱེན་དང་གནོད་འཚེ། དེ་བཞིན་སྔོན་འགོག་བྱ་ཐབས་བཅས་ངོ་སྤྲོད་བྱས་པར་མ་ཟད། ཚང་མས་ནགས་ཚལ་སྲུང་སྐྱོང་དང་མེ་ཁུངས་གཏན་འགོག་བྱ་དགོས་པའི་འབོད་སྐུལ་ཡང་ཡང་བྱས། སྒྲོག་འགྲེལ་བྱས་པར་བརྒྱུད་ང་ཚོས་ནགས་ཚལ་མེ་སྐྱོན་གྱིས་ནགས་ཚལ་ཐོན་ཁུངས་ལ་གྱོང་གུན་ཆེན་པོ་བཟོ་བར་མ་ཟད། ད་དུང་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་བཏང་ནས་ཚང་མའི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འཇིགས་སྐུལ་ཚབས་ཆེན་བཟོ་ཡོད་པ་ཤེས་རྟོགས་བྱུང་ཞེས་མཐོ་འབྲིང་ལོ་རིམ་དང་པོའི་སློབ་མ་གཡང་སྐྱིད་སྒྲོལ་མས་གསར་འགོད་པར་དེ་ལྟར་བཤད། འཆད་ཁྲིད་ཡུལ་དངོས་ཀྱི་སྣང་ཉམས་བཟང་ཞིང་། སློབ་གྲོགས་ཚོས་སློབ་ཁྲིད་ལ་ནན་ཏན་ངང་ཉན་པ་དང་དྲི་བ་ཡང་གང་མང་ཞིག་འདྲི་ཡོད་པ་དེ་ཐོག་ནས་ནགས་ཚལ་མེ་ཟོན་གྱི་ཚན་རིག་ཁྱབ་གདལ་ཤེས་བྱ་ཤེས་རྟོགས་བྱེད་འདོད་ཆེན་པོ་དང་མཉམ་འགུལ་བྱེད་འདོད་ཆེན་པོ་ཡོད་པ་མཚོན་གྱི་ཡོད། སློབ་གྲོགས་ཚོས་མ་གྲོས་གཅིག་མཐུན་ངང་དུར་མཆོད་དུས་ཚིགས་རིང་ཁྱིམ་མི་དང་མཉམ་དུ་ཚུལ་མཐུན་གྱི་མཆོད་འབུལ་བྱེད་སྟངས་བདམས་ནས་མེས་པོ་ཚོར་དྲན་གསོ་ཞུ་བ་ལས། མེ་སྤྱོད་པ་དང་ཐ་མག་འཐེན་པ། ཕྱི་རོལ་དུ་ཇ་སྐོལ་བ། ཤོག་སྦག་སྤར་བ་སོགས་ཀྱི་བྱ་སྤྱོད་ལ་གཏན་འགོག་དང་། ཉེ་འགྲམ་གྱི་གཉེན་ཉེ་ཚོར་ཁོར་ཡུག་སྲུང་སྐྱོང་དང་ནགས་ཚལ་དང་རྩྭ་ཐང་གི་ཐོན་ཁུངས་ཉེན་མེད་ཡོང་བར་བསྲུང་དགོས་པའི་གྲོས་འགོ་འབུལ་རྒྱུ་ཡིན་ཞེས་བཤད། ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ནགས་ཚལ་དང་རྩྭ་ཐང་མེ་ཟོན་མེ་གསོད་ལས་དོན་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་བསྟར་ནས། དུས་དང་རྣམ་པ་ཀུན་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་པའི“ནོར་འཁྲུལ་ཞིག་ཡང་ནས་བསྐྱར་དུ་འབུད་མི་རུང”ཞེས་པའི་བསླབ་བྱ་སེམས་ལ་བཟུང་ནས། ཐོག་མཐའ་བར་གསུམ་དུ“མི་དམངས་དང་ཚེ་སྲོག་གཙིགས་སུ་འཛིན་པའི”འདུ་ཤེས་མཐའ་འཁྱོངས་ཀྱིས་ཀྲུང་དབྱང་དང་། ཞིང་ཆེན། ཁུལ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་ལ་འཁྱོལ་ཏེ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཀྱི་ཆེད་དོན་བཅོས་སྒྲིག་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་བཏང་ནས་མེ་སྐྱོན་བཅོས་སྐྱོང་གི་ཆུ་ཚད་སྔ་བས་མཐོ་རུ་ཕྱིན་པ་དང་དམངས་ཡོངས་ཀྱི་མེ་ཟོན་འདུ་ཤེས་མངོན་གསལ་དོད་པོ་ཕྱིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཕྱིན་ཆད་ཀྱི་ལས་དོན་ཁྲོད་རང་ཁུལ་གྱིས“གནད་དོན་འབྱུང་བར་ཚོད་འཛིན་དང་། གནད་དོན་བསྐྱར་དུ་འབུད་བར་སྔོན་འགོག། བདེ་འཇགས་འགན་ལེན། མཐིལ་ཚད་སྲུང་བ”བཅས་ཀྱི་ལས་ཀའི་བླང་བྱ་དོན་ལ་འཁྱོལ་ནས་བྱ་ཐབས་ནན་པོ་དང་། སྤྱོད་ཚུལ་ནན་པོ། སྒྲིག་ཁྲིམས་ནན་པོ་བཅས་ཀྱིས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ལས་དོན་དེ་ལས་དོན་གཙོ་བོར་བརྩིས་ནས་དོགས་ཟོན་བྱ་ཐབས་ཁག་དོན་འཁྱོལ་ཞིབ་ཚགས་དང་། མཉམ་འགོག་མཉམ་བཅོས་ཀྱི་སྤྱི་ཚོགས་རྨང་གཞི་སྔར་བས་བརྟན་དུ་བཏང་སྟེ་མི་ཚང་མ་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཀྱི་ལས་དོན་ནང་ཞུགས་པའི་མི་དམངས་ཀྱི་འགོག་སྲུང་ར་བ་ཏན་ཏིག་བསྐྲུན་རྒྱུ་ཡིན་པ་རེད།།

  • ལེ་ཚན་སྔོན་མ།:བརྒྱད་ཟིལ་རྫོང་གི་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་ཁྱབ་གདལ་དང་ཚོང་འགུགས་མ་འདྲེན་འོས་སྦྱོར་ཚོགས་འདུ་ཁྲེང་ཏུའུ་རུ་འཚོགས།
  • ལེ་ཚན་རྗེས་མ།:འབའ་ཐང་རྫོང་གི་གོང་འོག་ཚང་མས་སོ་ནམ་ལས་ལ་འབད།
  • དོ་སྣང་ཆེ་བའི་རྩོམ།