ཧྲེན་དབྱང་གིས་ཁུལ་ཡོངས་ཀྱི་ནགས་རྩྭ་མེ་ཟོན་མེ་གསོད་ལས་ཀའི་བཀོད་གཏོང་ཚོགས་འདུ་འཚོགས།

( ལྷ་འཛོམས་ཀྱིས་བསྒྱུར།)        2024-04-03

ཕྱོགས་བསྡོམས་ནན་ཏན་དང་བསླབ་བྱ་དང་བླངས། ནན་འགོག་བཀག་སྡོམ་རྒྱུན་འཁྱོངས་ནས་ནགས་རྩྭར་མེ་སྐྱོན་ཤོར་བར་མཐའ་གཅིག་ཏུ་འགོག་པ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་ཉེན་མེད་ཡོང་བར་ཤུགས་ཡོད་རྒུས་བསྲུང་དགོས་ཞེས་གསུངས།


ཧྲེན་དབྱང་གིས་ཁུལ་ཡོངས་ཀྱི་ནགས་རྩྭ་མེ་ཟོན་མེ་གསོད་ལས་ཀའི་བཀོད་གཏོང་ཚོགས་འདུ་འཚོགས།


སྤྱི་ཟླ3པའི་ཚེས29ཉིན་ནས་ཚེས30ཉིན་བར། སྤྱི་ཟླ3པའི་ཚེས30ཉིན་ཞིང་ཆེན་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་ཉེན་བརྡ་གཏོང་བའི་ཉིན་མོ་དང་ཏག་ཏག་འཁེལ་ཞིང་། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་དར་མདོ་དང་ལྕགས་ཟམ་རྫོང་སོགས་སུ་ཕེབས་ནས་བརྡ་སྦྱོར་མི་གཏང་བ་དང་།  སྐད་བརྡ་མི་བརྒྱག་པ། སྙན་སེང་ལ་མི་ཉན་པ། ལྷན་ཕེབས་སྣེ་ལེན་མི་དགོས་པ།  གཞི་རིམ་དང་ཡུལ་དངོས་སུ་ཐད་ཀར་འགྲོ་བ་སྟེ“མི་དགོས་པ་བཞི་དང་ཐད་ཀར་གཉིས”ཀྱི་ལས་དོན་སྒྲུབ་སྟངས་ནས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་དང་། ལས་གཞི་གཙོ་བོ་འཛུགས་སྐྲུན། ཉེན་མེད་ཐོན་སྐྱེད་སོགས་ཀྱི་ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱ་ཆེད་ལྟ་སྐུལ་མཛུབ་ཁྲིད་གནང་བ་རེད། ཁོང་གིས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་སྔོན་འགོག་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བསྟར་ནས་ཞིང་ཆེན་ཡོངས་དང་ཁུལ་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་གི་མེ་གསོད་བཀོད་གཏོང་ཚོགས་འདུའི་སྙིང་དོན་དོན་འཁྱོལ་ནན་ཏན་བྱས་ཏེ་མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་བཅངས་པ་དང་། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་དགོས་གཏུག་གི་བསམ་པ་ཆེ་རུ་ཏན་ཏིག་གཏོང་བ། གཙོ་གནད་དུས་མཚམས་དང་། གཙོ་གནད་ཁྱབ་ཁོངས།གཙོ་གནད་གནས་ཡུལ་བཅས་ལ་དམ་པོར་དམིགས་ནས་གནད་དོན་གྱི་མངོན་མེད་རྐྱེན་ངན་མུ་མཐུད་ཚགས་བཤེར་དང་བཅོས་སྐྱོང་བྱས་ཏེ་ནགས་རྩྭ་མེ་ཟོན་མེ་གསོད་ཀྱི་སྲ་ཞིང་བརྟན་པའི་མཁར་རྫོང་མཐའ་གཅིག་ཏུ་བསྐྲུན་དགོས་ཞེས་ནན་གསུང་གནང་བ་རེད།

ཉེ་དུས་སུ་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་སྔོན་འགོག་ལས་དོན་ལ་བཀོད་སྒྲིག་ཞིབ་ཚགས་བྱས་ཤིང་། ཁུལ་ཡོངས་ཀྱི་ས་གནས་ཁག་གིས་དོན་འཁྱོལ་ལ་དམ་འཛིན་བྱས་ཚུལ་ཅི་འདྲ་ཡིན་པར་ཧྲེན་དབྱང་གིས་དོ་ཁུར་ཆེན་པོ་གནང་བ་རེད། ཁོང“མི་དགོས་པ་བཞི་དང་ཐད་ཀར་གཉིས”ཀྱི་ལས་དོན་སྒྲུབ་སྟངས་ནས་ལྕགས་ཟམ་རྫོང་གི་པ་ཙེ་ཧྥང་དང་སྡེ་དབུས་གྲོང་རྡལ་རི་འཐག་ཕུ་གྲོང་སྡེའི་ནགས་རྩྭ་མེ་ཟོན་མེ་གསོད་ས་ཚུགས་སུ་ཕེབས་ནས་ས་གནས་དེ་གའི་མེ་ཁུངས་དོ་དམ་ཚོད་འཛིན་དང་། འགན་འཁྲི་ཏན་ཏིག་འཁུར་བ། དྲིལ་བསྒྲགས་ཁྲིད་སྟོན། ལས་རེས་ལྟ་སྲུང་སོགས་ཀྱི་གནས་ཚུལ་ལ་ཆ་རྒྱུས་ཞིབ་ཕྲ་ལོན་པ་རེད། ཁོང་གིས་ནགས་རྩྭ་མེ་ཟོན་མེ་གསོད་ལས་དོན་ནི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་དང་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་སྐྱེ་ཁམས་ཉེན་མེད་དང་འབྲེལ་བ་ཡོད་པས། རིམ་ཁག་སྡེ་ཚན་ཁག་གིས་ཁྱོན་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་ཏན་ཏིག་བཏང་ནས་མེ་ཟོན་གྱི་བཀའ་རྒྱ་དང་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོར་མེ་སྤྱོད་པའི་ཐད་དཀར་མཛེས་ཁུལ་གྱི་བཀའ་རྒྱ་བཅུའི་བྱ་ཐབས་ཁག་ནན་པོ་སྤྱད་དེ་རི་སྲུང་བ་དང་མི་ལ་དོ་དམ་བྱེད་པ། མེ་སྤྱོད་པ་བཀག་སྡོམ་བྱ་དགོས་ཞེས་གསུངས་པ་རེད། གནོད་སྐྱོབ་ལས་འགོག་ཟོན་གལ་ཆེ་བའི་འདུ་ཤེས་བརྟན་པོ་བཅངས་ནས། མི་དང་ལག་རྩལ། མང་ཚོགས་བཅས་ཀྱིས་འགོག་པར་ཟུང་དུ་སྦྲེལ་བ་མཐའ་འཁྱོངས་ཏེ་འཚུབ་བསྟུན་སྟོབས་ཤུགས་དང་ཐོན་ཁུངས་བསྡུ་སྒྲིལ་ལེགས་སུ་གཏོང་བ་དང་། སྟོབས་ཤུགས་སྣ་ཚོགས་ལ་གཅིག་འདོམས་བྱས་ནས་མདུན་སར་བཀོད་སྒྲིག་དང་སྔོན་བཀོད་གནད་སྨིན་བྱས་ཏེ་མེ་སྐྱོན་སྔ་དུས་ཤེས་རྟོགས་ཐུབ་པ་དང་སྔ་དུས་སྙན་སེང་ཞུ་ཐུབ་པ་དང་སྔར་གསོད་ཆུང་གསོད་རྩད་གསོད་ཐུབ་པ་བྱ་དགོས།

བརྟག་ཞིབ་གནང་རིང་ཧྲེན་དབྱང་གིས་ད་དུང་ཁུག་རྟ་ལུང་པ་གྲོང་རྡལ་དང་འབོ་ཞབས་གྲོང་རྡལ་ལ“9·5”ས་འགུལ་བྱུང་རྗེས་སླར་གསོ་བསྐྱར་སྐྲུན་གྱི་སྐྱེ་ཁམས་ཉམས་གསོའི་ལས་གཞི་འཕེལ་ཚུལ་ལ་དངོས་སུ་ལྟ་ཞིབ་གནང་བ་རེད། ཁོང་གིས་སྐྱེ་ཁམས་ཉམས་གསོའི་ལས་དོན་ནི་ས་འགུལ་བྱུང་རྗེས་སླར་གསོ་བསྐྱར་སྐྲུན་གྱི་ཕྱོགས་གལ་ཆེན་ཞིག་ཡིན་པས་ཁྱིམ་གཞིས་མཛེས་སྡུག་ལྡན་པ་བསྐྱར་སྐྲུན་དང་མང་ཚོགས་ལ་བདེ་སྐྱིད་བསྐྲུན་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། སྐྱེ་ཁམས་སྲུང་སྐྱོང་གི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། རི་ཆུ་ནགས་དང་། ཞིང་བྱེ་མཚེའུ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་རྒྱུད་རིམ་ལྡན་པའི་བཅོས་སྐྱོང་རྒྱུན་འཁྱོང་དགོས། སྣ་མང་མཉམ་འཛིན་དང་རྒྱུད་རིམ་ལྡན་པའི་ངང་བཅོས་སྐྱོང་བྱས་ཏེ། ལམ་འགྲམ་གྱི་རི་ངོས་ཆད་པར་སླར་གསོ་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཆུ་ཚད་མཐོན་པོས་བསྐྱར་འཛུགས་སྤུས་ཚད་མཐོན་པོ་ཡོང་བར་བསྐུལ་ཏེ། ས་འགུལ་གནོད་སྐྱོན་ཐེབས་ཡུལ་དེ་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་སྤུས་ཚད་མཐོན་པོའི་དཔེ་མཚོན་དུ་ཧུར་ཐག་བསྐྲུན་དགོས་ཞེས་གསུངས།།

  • ལེ་ཚན་སྔོན་མ།:འདབ་པ་རྫོང་གིས་ཐབས་བརྒྱ་ ཇུས་སྟོང་གིས་དཔྱིད་རྨོད་གྲ་སྒྲིག་བྱེད།
  • ལེ་ཚན་རྗེས་མ།:ནགས་རྩྭར་མེ་སྐྱོན་ཤོར་བར་མཐའ་གཅིག་ཏུ་འགོག་པ་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་ཉེན་མེད་ཡོང་བར་ཤུགས་ཡོད་རྒུས་བསྲུང་དགོས'
  • དོ་སྣང་ཆེ་བའི་རྩོམ།