ངས་གསོས་པའི་ཁྱི་ཕྲུག་བརྒྱད།

ཆོས་འབྱོར་རྒྱ་མཚོ།        2024-04-01

ངས་གསོས་པའི་ཁྱི་ཕྲུག་བརྒྱད་པོ་ཞག་མ་གཅིག་ལ་མཉམ་དུ། ཨ་མ་གཅིག་ལས་སྐྱེས་པའི་སྤུན་ཏག་ཏག་ཡིན་ལ། ངས་གསོས་པའི་ཁྱི་ཕྲུག་བརྒྱད་པོ་དེ་ནི་ཕྱི་ལོ༢༠༡༢ལོའི་དགུན་ཟླ་ཞིག་ལ་ངེད་ཚང་གི་ཁང་རྒྱབ་ནས་མཐོང་བ་དང་།ངེད་ཚང་གི་ཁང་རྒྱབ་ཏུ་ཁྱི་ཕྲུག་བཙས་ཡོད་པ་སུ་ཡི་སེམས་སུ་གསལ་པོ་ཡིན། དེ་ནི་སུ་ལ་ངེས་མེད་ཡིན་ཕྱིར། ཞོགས་པ་དེར་ང་རང་ཁང་རྒྱབ་ལ་སྐོར་སྙིང་འདོད་པའི་བློ་གཅིག་འདུག་ཕྱིར། ཁང་རྒྱབ་བསྐོར་དུ་སོང་བ་ན། ཁང་རྒྱབ་ཀྱི་དཀྱིལ་དུ་འབྱོར་དང་བསྟུན། ངའི་ཐད་ནས་གློ་བུར་དུ་སྙིང་ཆུང་དམར་པོ་འདར་བར་བྱེད་པའི་ཁྱི་མོ་དམར་མོ་བརྒྱུགས་ནས་ང་ལ་སོ་བཏབ་པར་བརྩམས་ཤིང་། ང་རང་སྔངས་སྐྲག་བྱུང་སྟེ། གོམ་པ་གསུམ་བཞི་ལ་འགྲེས་ནས་ལོག་སོང་།སྟབས་ལེགས་པ་ཞིག་ལ། ང་རང་ས་ལ་འགྲེས་པ་དང་བསྟུན། ཁྱི་མོ་དམར་མོ་ང་ལ་རྨུག་སེམས་རྫོགས་ཏེ། ཕར་ཕྱོགས་ནས་ཐག་རིང་ཞིག་ལ་བརྒྱུགས་སོང་བ་ངས་དངོས་སུ་མཐོང་། གནས་ཚུལ་འདི་ཨ་ཕ་ལ་གསལ་པོ་བཤད་རྗེས།“སེམས་ཆུང་བྱོས། ཁྱིས་སོ་བཏབ་ན་ན་ཟུག་བཟོད་དཀའ། སང་ཉིན་ནས་ཁང་རྒྱབ་དང་ཐག་ཉེ་ས་རུ་མ་རྩེ། སེམས་སུ་ཟུངས། ཁྱི་ཕྲུག་ལ་མ་རེག། ཁྱི་ཕྲུག་གིས་སོ་བཏབ་ན་ཁྱི་ཆེན་གྱིས་སོ་བཏབ་པ་ལས་ན་ཟུག་ཆེ།” ཨ་ཕས་བཤད་པའི་སྐད་ཆ་དེས་སེམས་སུ་འཇིགས་སྣང་ཞིག་སྟེར་རུང་། ང་རང་ཁྱི་ཕྲུག་ལ་ལྟ་འདོད་དྲག་པོ་འདུག་ཕྱིར། ཐོག་མར་ཁང་ཐོག་ཏུ་བུད་དེ། རྡེའུ་ཁྱི་ཕྲུག་བཙས་ཡོད་པའི་སྒོ་ལ་འཕངས་ནས་ཁྱི་མོ་དམར་མོ་ཡོད་མེད་བརྟག་དཔྱད་བྱས། ཁྱི་མོ་དམར་མོ་ཡོད་ན་ཟུག་སྐད་དང་བཅས་སྒོ་རུ་བུད་ཡོང་ལ། ཅུང་ཙམ་འགོར་རྗེས་ཁྱི་མོ་དམར་མོ་ཐག་རིང་ཞིག་ལ་སོང་ནས་ཕྲུ་གུའི་ཕྱོགས་སུ་བྱ་ར་བྱེད་ཀྱིན་ཡོད། སྐབས་དེ་དུས། ཁྱི་མོ་དམར་མོའི་མིག་མདངས་སུ་རང་གི་ཕྲུ་གུ་ལ་བཅངས་བའི་སེམས་ཁྲལ་ཤེས་ཤིང་། ཁྱི་མོ་དམར་མོའི་སེམས་སུ་ང་རང་དེའི་ཕྲུ་གུ་ལ་ལྟ་འདོད་ཡོད་པ་ཙམ་ལས། མོའི་ཕྲུ་གུ་ལ་བསམ་ངན་གྱི་བློ་མེད་པ་ལྐོག་གྱུར་ཡིན། ཁྱི་མོ་དམར་མོས་ཐག་རིང་བའི་ཕྱོགས་ནས་ང་ལ་མིག་གིས་བལྟས་ཤིང་། མཚམས་མཚམས་སུ་ངར་སྐད་འདོན་སྲིད། དེ་ལྟར་ཉིན་འགའ་ཕྱིན་རྗེས། རྡེའུ་འཕངས་མི་དགོས་པར་ང་རང་ཁང་རྒྱབ་དང་ཐག་ཉེ་བ་རུ་འབྱོར་དུས། ཁྱི་མོ་དམར་མོ་ཕྲུ་གུ་དང་བཀྱེད་དེ་ངའི་ཕྱོགས་སུ་མི་གསལ་བའི་ཟུག་སྐད་ཅིག་སྒྲོག། ཕྲུ་གུ་དེ་དག་སྐྱེས་ནས་ཉིན་ལྔ་དྲུག་ཅིག་ལ་མིག་སྒོ་བཙུམས་ནས་ཕྱེས་མ་བྱུང་། དལ་གྱིས་ཕྲུ་གུ་དེ་དག་གིས་མིག་སྒོ་ཕྱེས་བྱུང་། ཡིན་ནའང་། ཕྲུ་གུ་དེ་དག་གིས་མིག་སྒོ་ཕྱེས་རུང་། ཕྲུ་གུ་དེ་དག་ཕན་ཚུན་གྱི་སྟེང་དང་འོག་ཏུ་འཛུལ་ནས་བསྡད་དེ་ཟུག་སྐད་ཤ་ཚ་ཞིང་སྙིང་རྗེ་བ་ཞིག་སྒྲོག། ལོ་དེར་ང་རང་སློབ་ཆུང་ལ་ཞུགས་པའི་སློབ་མ་ལྟར། ཉིན་རེ་བཞིན་ཨ་ཕའི་དྲུང་དུ་བོད་ཡིག་སྟེ། གསལ་བྱེད་སུམ་ཅུ་དང་དབྱངས་བཞི། མིང་གཞི་ཡི་གེ་དག་ལ་ར་བཏགས་དང་ཡ་བཏགས། ར་མགོ་ལ་མགོ། བརྩེགས་འདོགས་ཅན་གྱི་ཡི་གེ་དག་གི་འདོན་སྟངས་སློབ་ཀྱིན་ཡོད་རུང་། སེམས་པ་ཨ་ཕའི་དྲུང་ནས་ངེད་ཚང་གི་ཁང་རྒྱབ་ཏུ་འཁོར་ཞིང་། ཨ་ཕས་ཁྲིད་ཀྱིན་ཡོད་པ་ལ་སེམས་མ་གཏད་པའི་རྣམ་པ་གསལ་པོ་གྱུར་ཏེ། ཨ་ཕས་ཐལ་ལྕག་ཚ་ཐག་ཆོད་པ་རེ་གཞུས་ཡོང་། ཨ་ཕ་ཁོང་ཁྲོ་ལངས་མེད་པའི་དུས་སུ་ཁང་རྒྱབ་ཀྱི་ཁྱི་ཕྲུག་ལ་སྡོད་གནས་ཤིག་མ་ལས་ན། དེ་དག་འཁྱག་གིན་འདུག། འདར་བཞིན་འདུག། ཅེས་ཡི་གེ་སྦྱང་མི་མོས་པར་ཁྱི་ཕྲུག་ལ་ལྟ་འདོད་ཡོད་པ་གསལ་པོ་ཡིན་པའི་གཏམ་དག་ཨ་ཕ་ལ་བཤད་རྗེས། གུང་ཇ་འཐུངས་རྗེས།“ཁྱི་ཕྲུག་དག་ལ་སྡོད་གནས་ཤིག་ལས་ཤོག” ཅེས་ཨ་ཕས་ང་དང་ཕུ་བོ་ལ་བཤད་པའི་གཏམ་དེས། སེམས་སུ་བཤད་མི་ཤེས་པའི་སྤྲོ་སྣང་སྐྱིད་པོ་འཕེལ། ཕུ་བོ་ངེད་གཉིས་ཀྱིས་ཁྱི་ཕྲུག་བརྒྱད་པོ་སྡོད་གནས་ལས་པ་ལ་ཨ་ཕས་བལྟས་རྗེས་འགྱེལ་དོགས་ཆེ་དྲགས་འདུག་ཅེས། ཨ་ཕ་རང་གིས་ཁྱི་ཕྲུག་བརྒྱད་པོ་འདུག་གནས་བཞེངས་བསྐྲུན་བྱས་ཤིང་། ཨ་ཕས “ང་རང་ཆུང་དུས་ཧཱ་པ་ཞིག་གསོས་པ་ཡིན། ཧཱ་པ་དེ་ལོ་འགའ་མ་འགོར་བར་ཤི་སོང་། དེ་དུས་བྱིས་པའི་སེམས་པ་ཡིན་ཕྱིར། ཧ་ཅང་སྡུག་བསྔལ་བསགས་པ་ཡིན།” མུ་མཐུད་དེ་ཨ་ཕས་བཤད་རྒྱུར “ཁྱི་ཕྲུག་ལ་དགའ་བ་སྐྱོན་མི་འདུག། ཁྱི་ཕྲུག་ལ་བསམ་ངན་བྱེད་པའི་སེམས་མེད་པར། ཁྱི་ཕྲུག་དག་ལ་འདུག་གནས་ཤིག་ལས་བསམས་པའི་སེམས་ཤར་བ་ཧ་ཅང་ཡག་གི། ལག་ཆགས་དུས། བུ་གྲྭ་པ་བྱུང་ན་ཡག་རྒྱུ་རེད།” དེ་ལྟར་ཟླ་བ་གཉིས་གསུམ་ཞིག་འགོར་རྗེས། ཁྱི་ཕྲུག་བརྒྱད་པོ་ནར་སོན་ཏེ་སྒོ་ཕྱི་ཁྱིམ་ནས་རྒྱུགས་ཤིང་། ཁང་རྒྱབ་ནས་ངེད་ཚང་གི་མདུན་སྒོ་རུ་འོངས་ནས་འགྲེ་ལོག་དང་གན་ཀྱལ་དུ་ཉལ་བ་སོགས་བྱས་ཤིང་། ངས་ངེད་ཚང་གི་རྒྱ་རའི་ནང་ཉིན་རེ་བཞིན་ཀློག་སྦྱོང་བྱེད་ཞོར། ཁྱི་ཕྲུག་བརྒྱད་པོ་ལ་ལྟ་ཞོར། ལག་ཏུ་བཟུང་ཡོད་པའི་བོད་ཡིག་ལྟ་ཞིང་། བོད་ཡིག་ཀློག་འདོན་གྱི་ཕྱོགས་ལ་བརྩོན་པ་ཆུང་ཆུང་རེ་རེ་བྱས་ལ། ཨ་ཕས་དུས་ཡུན་ཐུང་ངུ་རེའི་ནང་ནས་ང་ལ་ངལ་གསོ་སྦྱིན་ལ། ངས་ངལ་གསོ་དང་བསྟུན་ནས་ཁྱི་ཕྲུག་བརྒྱད་པོ་ལ་ཇི་ལྟར་རང་སེམས་སྐྱིད་པའི་རྩེད་མོ་དགོས་པར་བསམ་མནོ་བཏང་བ་ཡིན། བསམ་མནོ་ཇི་ལྟར་བཏང་རུང་། ཁྱི་ཕྲུག་དག་གིས་ངས་བསམ་བཞིན་པའི་རྩེད་མོ་གཅིག་ཀྱང་བྱ་མི་སྲིད་ལ། གལ་ཏེ། ནན་གྱིས་བྱ་རུ་འཇུག་རྒྱུ་ནི་ཧ་ཅང་དཀའ་ངལ་ཞིག་རེད། འོན་ཀྱང་། ཁྱི་ཕྲུག་བརྒྱད་པོ་ལ་ཉིན་འགའ་ཡི་ནང་ཟ་རྒྱུ་ཆུང་ངུ་ཉིན་རེ་བཞིན་བྱིན་པའི་རྐྱེན་གྱིས། ཁྱི་ཕྲུག་བརྒྱད་པོ་ཐག་རིང་ཞིག་ཏུ་ཡོད་རུང་། ང་རང་ཁང་སྒོའི་ཕྱི་རུ་བུད་དུས། ཁྱི་ཕྲུག་བརྒྱད་པོ་གཅིག་རྗེས་གཉིས་མཐུད་ཀྱིས་ངའི་ཕྱོགས་བང་འགྲན་ནས་རྒྱུགས་འོང་། ངའི་དྲུང་ནས་ནག་ཉིལ་ཉིལ་གྱི་རྔ་མ་གཡུགས་ཀྱིན་འགྲེས་ལོག་དང་གན་ཀྱལ་ངང་སྡོད་ངེས། ཁྱི་མོ་དམར་མོའི་ཕྲུ་གུ་བརྒྱད་པོ་ནར་སོན་པའི་ཁྲོད་ནས། ཕྲུ་གུ་གཉིས་འཇིག་རྟེན་དཀར་ངོགས་ནས་ཕྱི་ལམ་དུ་ཕྱིན་སོང་། དེ་ལྟར་ང་ལ་ཁྱི་ཕྲུག་དྲུག་ལས་གསོ་སྐྱོང་བྱ་རྒྱུ་མེད་པ་གྱུར། དལ་གྱིས་ཁྱི་ཕྲུག་དྲུག་ལས་ཁྱི་ཕྲུག་བཞི་ལ་ཁྱི་ལྡོམ་གྱི་ཕུགས་བསམ་ཡོད་ཕྱིར། ལག་ཆགས་རྗེས་ངེད་ཚང་ནས་བུད་དེ་ང་དང་གཏན་དུ་གྱེས་ཏེ་རྒྱལ་ཁམས་སྐོར་བའི་ཁྱི་ལྡོམ་བཞི་རུ་གྱུར་སོང་། སྐབས་རེ་ཁྱི་ཕྲུག་དེ་དག་བདག་པོ་བཟང་པོ་ཞིག་གིས་གསོ་སྐྱོང་བྱེད་བཞིན་ཡོད་སྲིད་སྙམ་ནས་སེམས་པ་སྐྱིད་པོ་ཞག་མ་འགའ་ལ་བྱུང་མྱོང་། དོན་དུ་བདག་པོ་ཞིག་གིས་གསོ་སྐྱོང་བྱེད་བཞིན་ཡོད་མེད་མི་ཤེས། དེ་ནི་ང་རང་གིས་འདང་རྒྱག་ཕྱོགས་ཙམ་ཡིན།དེ་ལྟར་ལོ་ཡི་འཁོར་མོ་མགྱོགས་མྱུར་དུ་འཁོར་ཏེ། ངས་གསོས་པའི་ཁྱི་ཕྲུག་བརྒྱད་ལས་ཁྱི་ཕྲུག་གཉིས་འཇིག་རྟེན་དང་གྱེས་ཤིང་། ཁྱི་ཕྲུག་བཞི་ཁྱི་ལྡོམ་དུ་གྱུར་རྗེས། ང་ལ་ཁྱི་ཕྲུག་གཉིས་ལས་གསོ་རྒྱུ་མེད་པ་ཆགས་སོང་། ཞོགས་པ་རེ་རེའི་དུས་སུ་ངེད་ཚང་གི་སྒོ་ཁྱི་ལྟ་བུར་གྱུར་བའི་ཁྱི་ཕྲུག་གཉིས་ལས་མཐོང་རྒྱུ་མེད་པ་གྱུར་དུས། ངས་ཁྱི་ལྡོམ་བཞི་བོ་ད་ལྟ་གང་དུ་ཡོད་ཅིང་། ལྟོགས་སྐོམ་གྱི་སྡུག་བསྔལ་མྱོང་གིན་ཡོད་མེད་ཀྱི་ཕྱོགས་སུ་འདང་ཞིག་མ་སྐུལ་དང་བླངས་ཀྱིས་བརྒྱབ་འགྲོ།

ཉིན་ཞིག། འབྲོག་རྒན་རལ་བ་སྟུག་པོ་ཅན་ཞིག་ལ། ཤེལ་མིག་མདོག་ཁ་ནག་པོ་གྱོན་མཁན་ཞིག། ངེད་ཚང་གི་གཡས་ཕྱོགས་ན་ཡོད་པའི་གཡུང་བ་ཚང་གི་ས་ཉོ་རུ་འོང་ཞིང་། འབྲོག་རྒན་རལ་བ་སྟུག་པོ་ཅན་དེ་ངེད་ཚང་གི་རྩྭ་རའི་སྟེང་ནས་ལྡིང་ནས་འོང་བ། ཁྱི་མོ་དམར་མོའི་ཕྲུ་གུ་ཁྱི་སེར་རིས་ཀྱིས་མཐོང་སྟེ། ཧོར་རྒྱུགས་བྱས་ནས་འབྲོག་རྒན་དེ་ལ་རྨུགས་སོང་། ཉིན་དེའི་གནས་ཚུལ་རུ་སྐོར་དག་གིས་མཐོང་སྟེ། “སྤངས་ཁྱི་འདི་དག། སྟོད་ཀྱི་ལུང་བའི་ནང་དུ་མངགས་བཏང་ན་ཡག་གི” ཞེས་ཨ་ཕ་ལ་ཐབས་བཀོད་དང་ཐབས་ཤེས་ཁྲིད་རུང་། ཨ་ཕས “ཁོ་ཚོས་བཤད་པ་བདེན་རུང་། ཁྱི་ཕྲུག་ཆུང་དུས་ནས་མི་གསོ། ད་གསོས་རྗེེས་ཤི་བའི་བར་དུ་བདག་སྐྱོང་དགོས” ཞེས་ངག་གིས་གཏམ་དེ་ང་ལ་བཤད་བྱུང་། ཉིན་འགའ་མ་འགོར་བར། འབྲོག་རྒན་རལ་བ་སྟུག་པོ་ཅན་དེས་ཁྱི་སེར་རིས་ལ་རྩམ་པ་བརྫིས་པ་ཞིག་བྱིན་པ་ངས་དངོས་སུ་མཐོང་། ངས་དེ་ཁྱི་སེར་རིས་ལ་ཟ་བཅུག་མི་འདོད་རུང་། ཁྱི་སེར་རིས་ཀྱིས་རྩམ་པ་དེ་ཁ་ནང་ནས་བཟུང་སྟེ། ཐག་རིང་ཞིག་ཏུ་བྲོས་ནས་རྩམ་པ་དེ་བཟས་རྗེས། ཅུང་མ་འགོར་བར་ཁྱི་སེར་རིས་ཀྱི་སེམས་སུ་བགེགས་ཞུགས་པ་ལྟར་ཡར་མར་གྱི་ཕྱོགས་སུ་མང་པོ་ཞིག་རྒྱུགས་ཤིང་། ངེད་ཚང་གི་གཡོན་ཕྱོགས་ན་བཞུར་གྱིན་ཡོད་པའི་ཆུ་བོ་དེ་མི་བརྒལ་བར་དེ་ལས་མཆོངས་ཏེ། གཡུང་བ་ཚང་གི་གྱང་ལ་སྡེར་འབྲེད་འགའ་བྱས་རྗེས་འགུལ་རྒྱུ་མེད་པར་གྱུར་ཏེ་ཤི་སོང་། དེ་ནས་བཟུང་། ངས་འབྲོག་སའི་ཁྱི་ཕྲུག་གཅིག་ཀྱང་གསོ་མ་མྱོང་།

ཕྱི་ལོ༢༠༡༥ལོར་ཁྱི་གསོད་མཁན་རེད་ཅེས་པའི་མི་སྐོར་ཞིག་འབྲོག་སའི་རི་ལུང་ཀུན་ཏུ་ཉུལ་ནས་བདག་པོ་མེད་པའི་ཁྱི་རྒན་དང་ཁྱི་ཕྲུག་མང་པོ་མོ་ཊའི་ནང་དུ་བཅུག་སྟེ་ཁྱེར་ནས་འགྲོ་མཁན། ཉིན་རེ་བཞིན་འབྲོག་སའི་ལྗོངས་སུ་ཇེ་མང་དུ་གྱུར་བ་དང་ལྷན་གཅིག། ངས་གསོས་པའི་ཁྱི་ཕྲུག་བརྒྱད་པོ་འཇིག་རྟེན་དཀར་ངོགས་འདི་ན་མཐོང་རྒྱུ་ཡོད་དུས། དེ་དག་ཤི་རྒྱུ་མེད་པར་སེམས་ཁྲལ་བྱེད་མཁན་གྱི་རུ་སྐོར་དག་གིས་ཁྱི་གསོད་མཁན་འཇིགས་རུང་། ཞེས་ལྕགས་རའི་མཚམས་སུ་འོང་ནས་གཏམ་དེ་བཤད་པ་ཐོས་དུས། ངའི་སེམས་སུ་གཡུང་བ་དང་ཁོའི་རྒན་མོ་མཉམ་འབྲེལ་བྱས་ནས་ངས་གསོས་པའི་ཁྱི་ཕྲུག་བརྒྱད་པོ་ལ་གཟེར་ཐག་ཆོད་པའི་རྡོ་རིལ་ཞིག་ཕོག་པར་གཏན་དུ་བརྩོན་མྱོང་བའི་འདས་པའི་ལོ་ཟླ་རབ་རིབ་ཅིག་ཡིད་དུ་སྐྱོ་སྐྱོ་ལྷང་ལྷང་ངང་འཁོར་བྱུང་། ཁྱི་སེར་རིས་ཀྱི་ཨ་མ་ཁྱི་མོ་དམར་མོའི་མགོ་བོ་གཡུང་བུས་རྡོག་པས་གནན་ཏེ། སྐེད་ནས་གྲི་ཐུང་ཞིག་བཏོན་ནས་དམར་གསོད་བྱས་སོང་བའི་གཏམ་ངན་ཕྱིས་སུ་ང་རང་ཐག་རིང་ཞིག་ཏུ་སྡོད་སྐབས་ཐོས་ཤིང་། ཕྱིར་ཡུལ་དུ་ལོག་ནས་གནས་ཚུལ་དེའི་སྐོར་བྱིས་པ་དག་གིས་བཤད་པ་བདེན་ན། གཡུང་བ་དང་ཁོའི་རྒན་མོ་མཉམ་འབྲེལ་བྱས་པ་དང་། གཡུང་བས་ཁྱི་མོ་དམར་མོའི་སྐེ་ལ་རལ་གྲིས་གཅིལ་དུས། གཡུང་བའི་རྒན་མོའི་ངག་གིས་བླ་མ་ལ་སྐྱབས་སུ་མཆིའོ།། ཞེས་ཤོད་ཀྱིན་འདུག་སྐད། དེ་ལྟར། ང་རང་ཡུལ་ལ་ལོག་པའི་དུས་སུ་ངས་གསོས་པའི་ཁྱི་ཕྲུག་ཡིད་དུ་དྲན་ཞིང་། ང་རང་ཧ་ཅང་ཁེར་རྐྱང་དུ་གྱུར་བའི་སྣང་བ་དང་བྱིས་དུས་ཀྱི་འཚོ་བ་ཡིད་དུ་དྲན་པའི་དུས། ང་དང་ཅུང་ཐག་རིང་བའི་ཕྱོགས་ན་ཨ་མས་གསོས་ཡོད་པའི་ཁྱི་རྒན་ཞིག་འདུག། དེ་ནི་ངས་གསོས་པའི་ཁྱི་ཕྲུག་བརྒྱད་ལས་ཚེ་ཐག་རིང་བའི་ཁྱི་ཕྲུག་དང་ང་ལ་ཐོབ་པའི་ཁྱི་ཕྲུག་གཉིས་ཡོད་པའི་ནང་ནས་མཇུག་མཐའི་ཁྱི་ཕྲུག་གཅིག་པུ་རེད་འདུག། ལྕགས་ཐག་སིལ་སྒྲ་དང་བཅས་སྐེ་ལ་འདོགས་འདོད་ཀྱི་སེམས་པ་ང་ལ་མེད་རུང་། ཁྱོད་རང་གཞན་གྱིས་གདུག་རྩུབ་ཀྱི་འོག་ནས་འཆི་བར་འཇིགས་ནས་སྐེ་ལ་ལྕགས་ཐག་བསྒྲོན་ནས་ནམ་མཁའ་དང་རྩྭ་ཐང་ཆུང་ཆུང་ལས་མཐོང་རོལ་ཐུབ་ཀྱིན་མེད་པ་ལ་ཡིད་སྐྱོ་མ་གནངས། དེ་ནི་ངས་ཁྱོད་རང་གཅེས་སྟངས་གཞན་ཞིག་ཡིན། ངས་ཁྱོད་རང་ལ་ནམ་མཁའ་ཧྲིལ་པོ་ཞིག་མཐོང་གིན་འཇུག་འདོད་ཡོད་མོད།ང་རང་ནུས་པ་ཆུང་སོང་ཞེས་པའི་གཏམ་ཞིག་བསིལ་རླུང་གིས་ནམ་མཁའ་ལ་ཁྱབ་སོང་།

  • ལེ་ཚན་སྔོན་མ།:ཨ་མ་ལོས་དྲན། ངའི་ཡོད་ཚད་ཀྱི་ཡོད་ཚད་རེད།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།