ཨ་མ་ལོས་དྲན། ངའི་ཡོད་ཚད་ཀྱི་ཡོད་ཚད་རེད།

སྣག་ཚ་ནག་པོ།        2024-03-27

            གཅིག།

ཁྱོད་བཙའ་དུས་ཨ་མས་ཁྱོད་རང་པང་དུ་ཉར་ནས་ཡང་ནས་ཡང་དུ་བྱམས་བརྩེའི་འཛུམ་མདངས་གཡོ་བ་ནི། བྱིས་པ་ཞིག་ལ་ཀ་རའི་བགོ་སྐལ་མང་དུ་ཐོབ་པ་ལྟར་དགའ་སྣང་ཧ་ལས་པ་ཞིག་གིས་ཁ་ངོ་ཡོངས་བཀབ་འདུག་ཟེར།

གཉིས།

བདག་གིས་སྙན་ངག་གྲངས་མེད་བྲིས་ནས་ཨ་མའི་མཚོན་དོན་རེ་འཚོལ་འདོད་ཀྱང་། ཐ་སྙད་ཅི་འདྲ་ཞིག་ཡིན་རུང་ཨ་མའི་ཡོན་ཏན་མཚོན་ཐབས་གཏན་ནས་མི་འདུག། ངའི་བློ་ངོར་ཨ་མ་ཞེས་པ་ནི་ངའི་ངག་ལས་ཐོན་པའི་ཆེས་མཛེས་ཤོས་ཀྱི་ཐ་སྙད་ཅིག་དང་། ཨ་མ་ནི་ཀེར་རེར་འགྱིང་པའི་རི་ཆེན་འདི་བཞིན། རིན་ཆེན་ནོར་གྱིས་བསླུ་བྲིད་མི་ཐུབ་པ་ཞིག་གོ། ཨ་མས། ཁྱོད་སྐྱིད་ན་ང་སྡུག་ག་ཚོད་མྱངས་ན་མྱངས་ཟེར། དེ་ནི་ཨ་མའི་སེམས་གཏམ་དྲང་པོར་བརྗོད་པའི་སྐད་ཆ་ཆེས་ཕལ་པ་ཞིག་དང་། ནང་དོན་ཟབ་ཤོས་ཤིག་རེད། ཨ་མས་ཞལ་ནས་གསུངས་པ་ལྟར་ནམ་ནམ་ཞར་ཞར་དེ་ལྟར་དོན་ཐོག་ཏུ་འཁྱོལ་བ་ལས་ཁྱོད་ཀྱི་མིག་ངོར་ཁ་ཞེ་ཡ་བྲལ་དུ་སོང་བའི་བརྟུལ་ཞུགས་ཤིག་སྐྱོང་མ་མྱོང་། དེས་ན། ཨ་མ་ནི་ཁྱོད་ཀྱི་འཇིག་རྟེན་འདིར་ལྷགས་པའི་གཞན་དྲིང་མི་འཇོག་པའི་དྲིན་གྱི་བདག་མོ་གཅིག་པུ་ཁོ་ནའོ།།

གསུམ།

ཁྱོད་ཀྱིས་ཨ་མ་དྲན་སྟངས་གང་འདྲ་ཡིན་མིན་ངས་མི་ཤེས། གཅིག་བྱས་ན། ཁྱོད་ཀྱི་ཨ་མ་དྲན་ཚུལ་ནི། ཨ་མའི་བྱམས་དང་བརྩེ་བས་ལོ་ཟླའི་གོད་ཆག་གཅིག་རྗེས་གཉིས་མཐུད་དུ་བསལ་རུང་། དུས་ཆེན་ཞིག་གི་མཚམས་སུ་ཨ་མ་ཞེས་མིང་སྐམ་པོ་ཞིག་བོས་ནས་མིག་མཐར་མཆི་ཞག་འཁོར་འཁོར་བྱེད་པ་དང་། ཨ་མའི་ཤ་ཁྲག་གི་ཉིང་ཁུ་ཕངས་མེད་དུ་འཇིབ་བཞིན། ངོ་སྲུང་གི་འཛུམ་མདངས་ཤིག་ཕྱུང་ནས་ཨ་མ་སྐུ་ཐང་མཉེལ་སོང་ཟེར་བ། ཡང་ན་ལྷག་བསམ་སྟོང་གིས་བསླས་པའི་ཨ་མའི་སེམས་ཀྱི་རྡང་སྣེ་སྨྲེང་སྐྱོ་དང་བློ་ཕམ་གྱི་མིག་ཆུས་ཡང་ནས་ཡང་དུ་བརླན་ཏེ། དུས་ཆེན་ཞིག་གི་མཚམས་སུ་ཨ་མའི་འདྲ་པར་རེ་ཟུང་གྲོགས་ཚོམས་སུ་སྤེལ་ནས་ཚུལ་འཆོས་ཀྱི་སྲི་ཞུ་སྒྲུབ་པ་སོགས་ཡིན་སྲིད། འོན་ཏེ། མཚུངས་མེད་ཀྱི་བྱམས་བརྩེ་དང་དྲོད་ཁོལ་གྱི་བདག་མོ་རུ་གྱུར་པ་ནི་ཨ་མ་ཡིན་ཞིང་། དཀའ་སྡུག་གི་འཚོ་བའི་འགྲུལ་བཞུད་ཀློང་དུ་འགན་འཁྲི་ཡི་ཁུར་པོ་རྒྱབ་ཏུ་ཁུར་ནས་འཁང་རའི་ཚིག་ཙམ་ཡང་མེད་པར་གོམ་པ་ལྕི་མོ་རེ་རེ་ཁྱོད་ཀྱི་ཕྱིར་མདུན་དུ་སྤོ་ནུས་མཁན་གཅིག་པུ་དེ་ཨ་མ་ལས་སུ་ཡང་མ་མཆིས། དེས་ན། ཨ་མ་ལོས་དྲན། བདག་གི་འཆི་གསོན་གྱི་སོ་ཁ་ན་སྐོམ་པའི་གདུང་བ་སེལ་ཕྱིར་བཞུར་བའི་དྭངས་གཙང་གི་རྒྱུག་ཆུ་དེ་ལོས་དྲན།

བཞི།

གངས་རི་དང་རྫ་རི། ནགས་རི་དང་སྤང་རི། ཨ་མའི་འཕྱོར་སྒེག་གི་ལང་ཚོ་ནོར་ལུག་དང་རྟ་ཕོའི་སུག་རྗེས་སུ་རྫོགས་ལ། གྲང་རླུང་དང་རྡུལ་འཚུབ་ཁྲོད་ནས་ཨ་མའི་པགས་ཚག་གི་ཐུ་སྣེའང་ཆད། ཨ་མ་ལ་ཚིག་ཙམ་གྱི་བཅོས་མའི་དུས་ཆེན་ཞིག་མེད་ཀྱང་ཆོག། ཡིན་ནའང་གུས་ཞབས་དང་ཞབས་ཏོག་མེད་ན་ཅི་ལ་རུང་། ཨ་མ་ལ་ཚུལ་འཆོས་ཀྱི་བཀུར་བསྟི་མེད་ཀྱང་ཆོག། འོན་ཀྱང་། ནམ་རྒྱུན་གྱི་ཁམས་བདེའི་འཚམས་འདྲི་དང་ཁ་ཞེ་གཉིས་མེད་ཀྱི་ཤ་ཚ་མེད་ན་ཅི་ལ་རུང་། དེས་ན། ཨ་མར་ཁ་ངན་ཚིག་ངན་མ་བཤད་པར་ཁ་འཇམ་ཚིག་འཇམ་གྱིས་བཀུར་ཏེ། ཆང་རག་དང་ཤོ་སྦག་གིས་གཙོས་པའི་མ་རབས་ཀྱི་སྤྱོད་ངན་དག་སྤངས་ནས། ཨ་མའི་བཀའ་དགོངས་ཅི་སྒྲུབ་ནུས་ན། དེ་ནི་ཨ་མའི་དྲིན་གཟོ་སྟངས་རྣལ་མ་དེ་ཡིན། དེ་ལས་ལྡོག་སྟེ། ཁྱོད་ཀྱིས་རྒྱང་རིང་གི་ཡུལ་གྲུ་ཞིག་ནས། ཆང་རག་དང་དུ་བའི་ཁྲོད་དུ་ལང་ཚོ་རླུང་ལ་བསྐུར་ཏེ། གྱང་མཐོན་པོར་བརྩེགས་པའི་སྲང་ལམ་དག་ཉིན་མཚན་མྱུལ་ནས། སློབ་གཉེར་གྱི་ལམ་བུ་རྣམ་གཡེང་དང་ལེ་ལོའི་ངང་ནས་འགྲིམས་ན། འུ་ཅག་ལ་ཚེ་སྲོག་སྦྱིན་མཁན་གྱི་ཨ་མ་རྒན་མོའི་ངོ་གདོང་ན་བརྩེགས་པའི་གཉེར་མའི་བང་རིམ་དག་མཐོང་དུས་སེམས་ཀྱིས་བཟོད་དམ།

ལྔ།

ཨ་མ་ཡོད་པས། ཕྱི་རོལ་དུ་གངས་ཆར་དང་ཙག་རླུང་གིས་ང་ལ་མནར་གཅོད་བཏང་རུང་། ཁྱིམ་དུ་བྱམས་བརྩེའི་དྲོད་ཀྱིས་ཁེངས་ཡོད་པས། ང་རང་དཀའ་སྡུག་གིས་གནོན་ཅི་ལ་སྲིད། སྐྱེ་བ་ནས་འཆི་བའི་བར་དུ་ངའི་ཡོད་ཚད་ཀྱི་ཡོད་ཚད་ཁྱེད་ཀྱིས་སྦྱིན་པས། ངས་ཁྱེད་ལ་བཅོས་མིན་གྱི་ལྷག་བསམ་མཚོན་པའི་དཀར་གཙང་གི་ལྷ་རེག་དེ་འབུལ་འདོད། ཁྱོད་ནི་ནམ་ཡང་ངའི་སེམས་ཀྱི་ཉི་མ་སྟེ། ངའི་དྲན་པའི་ཀློང་གི་ལྷ་ལམ་ངོས་སུ་དུས་ནམ་ཡང་འཆར་སྲིད། ཨ་མ། ཁྱེད་ནི་རྩེ་མོ་གནམ་ལ་རེག་པའི་དཔག་བསམ་ལྗོན་ཤིང་ཞིག་སྟེ། ང་ལ་དགོས་འདོད་ཀྱི་ནོར་བུ་རིན་མེད་དུ་བྱིན། ཨ་མ། ཁྱོད་ནི་དྲག་ཆར་དང་རླུང་འཚུབ་འགོག་པའི་མཚོ་ཁུག་ཅིག་སྟེ། ངའི་ཚེ་སྲོག་གི་གྲུ་ཆུང་འཁོར་སའོ།། ཨ་མ། ཁྱེད་ནི་ངའི་ཡོད་ཚད་ཀྱི་ཡོད་ཚད་ཡིན་པས། ངས་ཁྱེད་རང་ལོས་དྲན།

དྲུག

ཁྱེད་རང་། སོས་དལ་དང་བག་ཕེབས་རྒྱང་དུ་སྤུར་ནས། འཁོར་བའི་ཙག་རླུང་གི་ཁ་གཏད་དུ་འགྲེང་པ་ནི། སུ་ཞིག་གི་བདེ་སྡུག་བསམ་པ་ཡིན་ནམ། ཨ་མ་ལགས། མཆི་ཞག་གིས་འཚོས་པའི་ཁྱེད་རང་གི་རྒས་གཉེར་རེ་རེ་ནི་ཡོད་ཚད་རང་ཉིད་ཀྱིས་བཟོད་སྲན་བྱས་པའི་ཨུ་ཚུགས་ལས་བྱུང་བ་མ་ཡིན་ནམ། ཁྱེད་ལ་མཚོན་ན། བཟའ་ཟླ་དང་བུ་ཕྲུག། ཁྱིམ་ཐབ་དང་ནོར་གནག། ཐམས་ཅད་ཁྱེད་རང་གི་དཔྲལ་པའི་མིག་དང་ཁོག་པའི་སྙིང་ལྟར་གཅེས་པ་མིན་ནམ། ཨ་ཐང་ཆད་པའི་ལོ་ཟླ་རེ་རེ། སེམས་ངལ་ལྕི་བའི་ནམ་ཟླ་རེ་རེ། ཇི་ལྟར་བུ་ཕྲུག་དང་ཁྱིམ་ཚང་གི་དོན་དུ་ཟད་པའི་འགྲུལ་བཞུད་བསམ་ཚེ། ཨ་མ་ལོས་དྲན།

  • ལེ་ཚན་སྔོན་མ།:སློབ་གྲྭ་འགྲོ་ཁ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།