དགུན་ནམ་རིང་མོ།

མགོན་ཤུལ་ཕུན་ཚོགས།        2024-03-18

ས་སྲོད་ཚེས་སོང་།ལྷགས་རླུང་གི་རྒྱུ་བ་བཙན་པོ་ཞིག་འུར་གྱིས་ལྡང་པས།ནམ་ཟླ་དགུན་ལ་སླེབས་པ་གཞི་ནས་ཤེས།མཐོན་པོ་སྒང་ནས་དམའ་མོ་གཞུང་ལ་ལྷུང་བའི་ཉི་ནུབ་ཀྱི་འོད་ཟེར་ཕྲ་མོ།ས་རྡུལ་དང་རླུང་དམར་ཁྲོད་ནས་ཕ་ཡུལ་གྱི་རྟ་ཕོ་་ཁམ་པ་རྔོག་རིང་གི་རྨིག་པར་ཆགས།དམར་ཡག་སྟག་གི་སྙིང་རྩར་ལྷུང་། བྲེ་སེར་འབྲོང་གི་རྭ་རྩེར་དཔྱངས།ཕ་ཡུལ།གནམ་སའི་ཕ་ཡུལ།ཉི་ཟླའི་འཕྱང་འཕྲུལ་སྒྲོན་པའི་བོད་ལྗོངས།

ཆུང་ཆུང་གི་དུས་སུ།ཨ་ཡེས་ཨ་མྱེས་རི་རབ་ཀྱི་ཕ་རོལ་བཤད་པའི་འཚོ་བའི་མེ་ལོང་།ནར་སོན་རྗེས།མེ་ལོང་ལས་མངོན་པའི་རི་བོ་དེའི་ཕ་རོལ་ཏུ།ང་ཚོ་དང་འདྲ་བའི་ལོ་རྒྱུས་ཀྱི་ཆབ་རོམ་དུ་རྐང་ཤུད་རྒྱག་པའི་བྱིས་པའི་ཚོགས།ཉི་ནུབ་ཀྱི་རྒས་ཚུལ་བསྟན་ཀྱང་།དགུན་ཟླ་འདིར།སྣང་བ་ལ་འཇའ་ཚོན་ཐོགས་ནས།གྲང་ངར་གྱི་རལ་ཁ་ཅི་འདྲའི་རྩུབ་ཀྱང་།རེ་སྒུག་གི་ལོ་ཟླ་ག་འདྲའི་རིང་ཡང་།ཁོང་ཚོ་གཏན་ནས་ཕྱིར་མ་ལོག།

ལོ་ཟླ་རྒས་སོང་།དྲན་པ་ཡལ་སོང་།ཉིན་མཚན་གྱི་ལྟེ་ཐག་ས་གཞི་འདིའི་ཕོ་བར་སྦྲེལ་ཉིན།འཚོ་གནས་ནི་དུས་ཚོད་ཀྱི་བརྡ་ལན་བྱིན་པའི་གཡུལ་ས་ཞིག་རེད།མི་ཚེ་ནི་རི་མོ་བ་ཞིག་གིས་སྐྱ་ཐིག་ཏུ་བཏབ་པའི་སྒྲིག་རིམ་དུ་ལྷུང་།ཉིན་མཚན་གྱི་དཀར་ནག་བར་ནས་རང་ཉིད་དང་འདྲ་བའི་འབྱུང་འགྱུར་གྱི་མཚན་མོར།སྐར་མའི་མེ་ཏོག་གི་ཕྲ་རྒྱན་ཟླ་བའི་འཕྱང་བ་རུ་སྒྲོན་པའི་བཟོ་བོ་ཞིག་ཏུ་འགྱུར་བར་ང་ཚོས་ཅིས་མི་འབད།

ཁྱོད་རང་འཇིག་རྟེན་འདིར་སྐྱེས་པ་ནས།ཡང་ན་ཕ་ཡུལ་དུ་ཡོང་བ་ནས་བཟུང་།གངས་ཀྱི་རི་བོ་དེས་ཁྱེད་ཀྱི་བརྟན་ཚུགས་མཚོན་ལ།ཡངས་པའི་རྩྭ་ཐང་ནི་ཁྱེད་ཀྱི་ཁོག་རྒྱ་ཡིན།གནམ་སྔོན་པོ་ཞིག་རིག་པ་ཁྱོད་ཀྱི་ང་རྒྱལ་དང་གཟི་བརྗིད་ཡིན་འོས། གནམ་མཐའ་དེ་ནས་ཉི་ཟླའི་འཆར་ནུབ་མཐོང་བ་དེ་ཁྱེད་ཀྱི་ཕུགས་བསམ་དང་སྐྱབས་ཡུལ་དུ་སོང་།ད་ལྟ་ཁྱོད་རང་ཕ་ཡུལ་དུ་གསོན་པ་གསལ་བོ་ཞིག་ཤེས་རྗེས། ཕ་ཡུལ་གྱི་ཤར་ནུབ་ཀྱང་གསལ་བོར་ཤེས་དགོས།

ད་ནི་ཉི་མ་ནུབ་རིར་ཡིབ་སོང་།འཁྲེན་སེམས་ཀྱི་མིག་ཟུང་ཕྱི་མིག་གི་ཡིག་རིས་སུ་བབས།རང་ཉིད་ཅི་ཞིག་ཏུ་གསོན་པ་ཡང་ཕ་ཡུལ་གྱི་སྲིབ་ངོས་སུ་ཚེས།མི་ཚོགས་ཀྱི་འདུ་ལོང་བར་ནས།རང་ཉིད་ཡལ་བར་དོར་བའི་ནང་སེམས་ཀྱི་འཚོལ་སྙེག། ཕ་ཡུལ་གྱི་གནམ་གཤིས་བཞིན་ག་ཚོད་དུ་བརྟན།ང་ཚོ་མདུན་དུ་སྐྱོད་འོས།རྨི་ལམ་འཁྲུག་པའི་ལོ་ངོ་ཞིག་བསམས་ནས་ཟླ་བ་མེད་པའི་མཚན་མོ་ཞིག་དྲན་དགོས།

དོ་དགོང་།སྡེ་མི་ཚོས་ནམ་རྒྱུན་ལྟར་སྔ་ཙམ་ནས་ཁྱིམ་ལས་ཙག་ཙིག་དག་ཚར་རྗེས།དབུགས་ངལ་ཐེངས་ཤིག་ལེན་སའི་བར་སྟོང་ཞིག་བསྙེགས་སོང་།འཚོ་བའི་གྲུ་ཟུར་ཕ་ཡུལ་གྱི་དགུན་ཟླར་མངོན་རྗེས།རང་ཉིད་ཡལ་བ་དོར་བའི་ལྷིང་འཇགས་ཀྱི་མཚན་མོ་ཞིག་བསྐྱལ་བར།ནང་སེམས་ཀྱི་དགའ་སྡང་མཐའ་དག་ཚེ་སྲོག་གི་ཐམ་གར་བརྐོས།


  • ལེ་ཚན་སྔོན་མ།:བརྩེ་དུང་དང་ཞེ་འཁོན། ད་དུང་ཕྲག་དོག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།