བརྗེད་དཀའ་བའི་བཤེས་གཉེན་དྲིན་ཆེན།

ཁམས་འོད་གསལ།        2024-03-13

ཁ་བྱང་གི་འགྲེལ།

༼ ལོ་ཟླའི་མཐོང་སྣང་དང་ཡུན་རིང་གི་དྲན་གདུང་ལས་ཅི་ཡང་གླེང་འདོད་པའི་ཚོར་བ་དྲག་ཏུ་ལྡང་བཞིན་ཐོལ་བྱུང་དུ་ཡིག་འབྲུ་རུ་བཏབ་སྙིང་བྲོ་བ་ནི་བཀའ་དྲིན་ཆེ་བའི་དགེ་རྒན་དམ་པ་བློ་བཟང་ཐུབ་བསྟན་ལགས་སོ།།༽

མ་གཞིར་བྲེལ་འཚུབ་དང་འུར་ཟིང་གི་འཇིག་རྟེན་འདི་ནས་གླེང་དཀའ་བ་དང་མོལ་སླ་བའི་བྱ་གཞག་ཤིན་ཏུ་མང་ཡང་རུང་། གླེང་རིན་ཡོད་པའི་ཚོར་བ་ཞིག་ལ་མཚོན་ན་ཅིས་ཀྱང་འབད་འབུང་བྱ་ཆོག་ཆོག་གི་རང་བཞིན་ལས་མ་འདས། ད་དུང་ཚོར་བའི་གཏིང་དུ་ཟུག་པའི་དྲིན་གྱི་ནོམ་པོ་སྟེ་རྒན་ལགས་ཀྱིས་ཉིན་མཐར་མཚན་དང་ཟླ་མཐར་ལོ་ཡིས་སྐྱོང་པའི་དཀའ་ངལ་དང་སྡུག་ཡུས་དེ་དག་སེམས་སུ་དྲན་ཡང་ན་ཟུག་གིས་ཐེག་དཀའ་བ་ཞིག་ཡིན་ཨང་། རྒན་ལགས། ཚེ་ལྡན་གྱི་མི་ལུས་གནང་མཁན་མིན་རུང་ཚེ་ལྡན་གྱི་མི་རུ་སྐྲུན་པའི་བཤེས་གཉེན་དམ་པ་དེ་ཅིས་ཀྱང་ཡིན་པ་བརྗེད་མི་ཐུབ།

ལས་རླུང་དང་འཚོ་བ་ཞིག་གིས་བས་མཐར་འགྲིམ་དགོས་པའི་འོས་འགན་དེ་ལུས་ཐོག་ཏུ་བབ་དུས་ང་ནི་རྒྱུས་ཡོད་དང་བྲལ་ནས་རྒྱུས་མེད་ཀྱི་ལམ་ཁར་ཞུགས་པའི་ཁེར་རྐྱང་གི་མི་དང་གྲོགས་མེད་ཀྱི་འདྲེ་ཞིག་དང་གཉིས་སུ་མེད། འོན་ཏང་། སྐབས་དེར་ཕ་ཕྱོགས་ཀྱི་འདྲིས་མཐུན་དང་མ་ཕྱོགས་ཀྱི་འབྲེལ་བ་མེད་པའི་རྒན་ཁྱེད་དང་འཕྲད་པའང་སྔོན་ལས་ཤིག་ཅི་ལ་མིན་ཏེ་ཡིན་ངེས། དུས་དེ་ནས་ང་ལ་བརྗིད་ཆགས་ཀྱི་འཚོ་བ་དང་ཡིད་འོང་གི་གཞིས་ཁྱིམ་ཞིག་ལ་ཁེར་རྐྱང་མིན་པའི་ཉིན་ཞག་དང་བདེ་ཞིང་སྐྱིད་པའི་ལོ་ཟླའི་སྣང་བ་ཁེངས་ཏེ་བས་མཐར་འཚོ་བ་བསྐྱལ་ནས་ཚེ་ཡི་རིམ་པ་ལ་དལ་གྱིས་དོན་ཡོད་ཀྱི་གནས་སུ་ཕྱོགས་ཅི་ཐུབ་ལ་འབད་འབུངས་བྱེད་བཞིན་ཡོད་པའང་རྒན་ཉིད་ཀྱིས་བཀའ་དྲིན་ཡིན་པ་སོམ་ཉི་བྲལ།

ལོ་ཟླའི་འཁོར་ལོ་མགྱོགས་ཤིང་མྱུར་བའི་དུས་འདིར་སླེབས་ནས་ཅི་ཡང་དྲན་དཀའ་ཞིང་བསམ་མི་ཐུབ་པའི་མི་ཞིག་གི་གཤིས་ཀ་ལ་མཚོན་ན་སྐད་ཅིག་དང་སྐད་ཅིག་གིས་འགྱུར་འགྲོ་བའི་ཚོར་བ་ངང་གི་སྟེར་ཡོད། ཕྲན་ལ་མཚོན་ནའང་འདས་ཟིན་པའི་བྱ་གཞག་དག་ཀ་ཕྲེང་སྒྲིག་པ་ལྟར་རེ་རེ་བཞིན་ཡིད་ལ་འཆར་བ་དང་དྲན་པ་ནི་ཤིན་ཏུ་དཀའ་ངལ་ཞིག་ཅི་ཡང་མེད། ཡིན་ནའང་། བདག་གཞན་བརྗེ་ཐུབ་ཅིང་གཞན་དོན་གཙོ་བོར་འཛིན་པའི་དགེ་བའི་བཤེས་གཉེན་ཞིག་ལ་མཚོན་ན་སེམས་གཏིང་དུ་བག་ཆགས་མཐུག་ཅིང་སྙིང་དབུས་སུ་ཡིད་རྟོན་ཐུབ་པའི་དྲིན་ཆེན་ཞིག་གི་མཛད་པ་དེ་དག་རིམ་པ་བཞིན་སེམས་སུ་དྲན་སླ་ཞིང་འཆར་བདེ་བ་ཞིག་ཅིས་ཀྱང་ཡིན་ནོ། །

ད་དུང་རྒན་ལགས་ཀྱིས་ངེད་ཅག་སློབ་གྲོགས་ཡོངས་ལ་ནམ་རྒྱུན་གསུང་པ་ནི། རང་རང་གི་ཀུན་སྤྱོད་དང་སློབ་སྦྱོང་ལ་འབད་བརྩོན། དགོན་སྡེ་ཡི་རེ་འདུན་དང་ཡབ་ཡུམ་གྱི་བཀའ་དྲིན་སོགས་འབྲེལ་འདྲིས་ཟབ་པའི་མི་མང་པོ་ཞིག་གི་རེ་བ་དང་ཡིད་ཆེས་སྟོང་ཟད་དུ་མ་གཏོང་ཞེས་རྒྱུན་ལྡན་གྱི་ཞལ་འདོན་ལྟར་ལྷག་ལུས་མེད་པ་གཏན་དུ་གསུང་པ་ཉུང་ཉུང་མིན། དེ་ཙམ་ཞིག་ཀྱང་ག་ལ་ཡིན་ཏེ་ངེད་ཅག་གི་སླད་དུ་དཀའ་བ་ཁྱད་བསད་དང་ངལ་བ་དང་ལེན་བྱས་ནས་མི་མང་པོ་ཞིག་ལ་ཁོང་ཁྲོ་ཡང་སློང་དགོས་བྱུང་བ་ནི་རྒན་ཉིད་དང་འབྲེལ་བ་ཡེ་ནས་མེད་པ་གོ་མ་ཆག། དེ་བཞིན་དུ་ངེད་ཅག་ལོ་ན་ཆུང་ཆུང་ཞིང་འཚོ་བའི་འགྲོ་སོང་ལེགས་པོ་སྤྱོད་མི་ཤེས་པའི་ཁར་དོན་མེད་ཆུད་ཟོས་སུ་ཤོར་འགྲོ་བ་ལ་དོགས་ནས་སྒོར་རྡོག་རེ་ཟུང་ཡོད་པའང་རྒན་ཉིད་ཀྱི་བདག་བཟུང་བྱས་ཏེ་ངེད་ཅག་གི་ལག་ཏུ་འཇོག་མེད། དེ་ནི་བསམ་ཤེས་མེད་པའི་མི་ཞིག་ལ་མཚོན་ན་དཀའ་ངལ་ཞིག་ཡིན་ཡང་དོན་དམ་པ་ངེད་ཅག་ལ་བསམ་ནག་དང་ཞེ་ནག་ག་ན་ཡིན་སྲིད། བརྩེ་སེམས་ཀྱིས་སྐྱོང་བ་ཡིན་པ་ངེས་ཤེས་གཏིང་ནས་རྙེད། རྒན་ལགས་ཀྱི་ལག་ཟུང་དུ་ཡོད་པའི་ངེད་ཅག་གི་སྒོར་རྡོག་རེ་ཟུང་དེ་ཡང་སྤྱོད་ཅི་མོས་དང་ནམ་སྤྱོད་ཆོག་ཆོག་གི་སྒྲིག་མེད་ཅིག་ཀྱང་མ་ཡིན་ཏེ། ཟླ་ཕྱེད་ལ་སྒོར་ལྔ་བཅུ་དང་ཟླ་བ་གཅིག་ལ་སྒོར་བརྒྱ་རེ་སྤྱོད་ཆོག་པ་ལས་གང་བྱུང་མོས་བྱུང་གཏན་ནས་མིན། འདི་ཡང་ངེད་ཅག་བསམ་ཤེས་མི་ཐུབ་པའི་མི་དག་ལ་དུང་ཞེན་ལྷད་མེད་ཀྱི་ལས་དོན་ཞིག་ལས་མ་འདས། འདི་དང་འདི་ལྟ་བུའི་ལས་དོན་གང་མང་ཞིག་གིས་རྒན་ལགས་ཉིན་མོའི་ཟས་དང་མཚན་མོའི་གཉིད་ཀྱང་སྟབས་བདེ་མིན་པའི་དཀའ་ངལ་རབ་ཏུ་མང་།

མ་ཡུམ་སློབ་གླིང་གི་སྒྲིག་སྲོལ་ལ་དབྱར་དགུན་གཉིས་ལ་ཟླ་བ་རེ་རེ་ལས་གུང་གསེང་མེད་པས་སྐབས་དེའི་སྔ་རོལ་དུ་རྒན་གྱིས་ངེད་ཅག་གི་སྒོར་རྡོག་དག་ཞིབ་རྩིས་བྱས་ནས་རང་རང་སོ་སོའི་སྒོར་མོ་ལྷག་མ་དག་ལག་ཏུ་འཇོག་བཞིན་ཡོད། དེ་དུསརྒན་ཉིད་ལ་སྒོར་མོ་ལྷག་མ་མེད་པས་མ་ཚད་གཞན་ནས་གཡར་བ་སོགས་ཀྱི་བུ་ལོན་ཡང་བསམ་མནོ་རུ་མི་ཆུད་པའི་དཀའ་ངལ་མང་པོ་སྤྲད་མྱོང་། དོན་དམ་པ་དེ་དག་རྒན་ལགས་ཀྱིས་ཟ་འཐུང་བྱེད་མེད་པའི་སྟེང་ངེད་ཅག་གི་འགྲོ་གྲོན་བྱེད་པའི་སྒོར་མོ་དེ་དག་ཐོ་འགོད་རྒྱུ་ལྷག་པ་དང་ཆེད་དུ་ཐོ་མི་བཀོད་ནས་བཞག་པའི་གནད་དོན་ཡིན་པ་གྲོགས་པོས་ལབ་མྱོང་ལ་རྗེས་སུ་རང་ཉིད་ཀྱིས་ཀྱང་དེ་ལྟར་ཡིན་པ་ཤེས་རྟོགས་བྱུང་། ཞིབ་ཏུ་བསམས་ན་ཤ་རུས་ཀྱི་འབྲེལ་བ་སྤུ་ཙམ་ཡང་མེད་པའི་ངེད་ཅག་ལ་འདི་ལྟར་བརྩེ་སེམས་བཅངས་དང་འཆང་བཞིན་པ་ཅིའི་སླད་དུ་ཡིན་པ་ང་དང་ངའི་སློབ་གྲོགས་ཀུན་གྱིས་ཤེས་ཐུབ་བམ། དགེ་རྒན་ལགས། བས་མཐའི་སློབ་གླིང་འདི་ནས་ཁྱེད་ལ་འོ་བརྒྱལ་གནང་བ་གྲངས་ཀྱིས་ག་ལ་ལོང་། བཀའ་དྲིན་གཟུགས་སུ་གྲུབ་ན་ས་ཆེན་པོ་འདིས་ཐེག་པ་དཀའ་ཡོད། རྒན་ལགས། ཁྱེད་ནི་སེམས་གཏིང་ནས་བརྗེད་དཀའ་བའི་བཤེས་གཉེན་དྲིན་ཆེན་དེ་ཡིན་ཨང་། བཀའ་དྲིན་ལ་རིན་ཆེན་གྱི་རིན་ཐང་དང་གཞལ་ཐབས་གཏན་ནས་མེད། བཤེས་གཉེན་དམ་པ། འོ་བརྒྱལ་ཆེ་སོང་ལགས།

  • ལེ་ཚན་སྔོན་མ།:སྙིང་ཉེ་བའི་མ་འོངས་པའི་ཆུང་མར་སྤྲིངས་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།