ངས་ནང་སེམས་ཀྱི་སྐྱོ་ཡུས་སུ་ལ་བཤད།

རླུང་སྲས།        2024-01-12

ང་ནི་གཟེབ་ལ་ཚུད་པའི་བྱིའུ་ཞིག་དང་འདྲ། མཐའ་ཡས་པའི་ནམ་མཁའ་ལ་རང་དབང་གིས་ལྡིང་སྐོར་བརྒྱབ་སྟེ། རྒྱང་རིང་གི་གནམ་མཐའ་ཞིག་ལ་འཕུར་བར་འདོད་ཀྱང་། ད་བར་ང་རང་གདུག་རྩུབ་ཀྱིས་ཁེངས་པའི་ར་བ་འདི་ལས་གྱེས་ཐབས་མི་འདུག །དངོས་འབྲེལ་གྱེས་ཐབས་མི་འདུག ། སྔོན་ཆད་ང་རང་འཚོ་བའི་ཁྱབ་ཁོངས་ཀྱི་སྒྲིག་གཞི་ལས་རིང་དུ་གྱེས་པའི་རང་དབང་གི་མི་ཞིག་བཅའ་ན་འདོད། དེ་བས། དབང་དང་འབྱོར་བ་ཐམས་ཅད། འཇིག་རྟེན་འདིའི་ཤུན་སྐོགས་ཙམ་ཡིན་པའི་ངེས་ཤེས་སེམས་ནས་བསྐྱེད་ཅིང་། ངོ་སྲུང་དང་སྤྲེལ་ལད་མཐའ་དག །འཁྲུལ་སྣང་གི་རྨི་ལམ་ཙམ་ཡིན་པའི་གསལ་བཏབ་རང་ལ་བྱས། ཡིན་ན་ཡང་། འདི་དག་ཡོད་ཚད་གཞོན་དུས་ཀྱི་རེ་སྙེག་ལས་བྱུང་བའི་སྟོང་བསམ་འབའ་ཞིག་སྟེ། ད་བར་ང་རང་དོན་ཚན་འདི་དག་ལ་ཉེ་བར་བཅར་དགོས་ཐུག་གིན་འདུག །

ད་ཆ། ང་ཡི་རེ་སྙེག་ལས་བྱུང་བའི་སྙིང་གི་སྟོབས་ཤུགས་ཆུང་ངུ་དེའང་། ངོ་སྲུང་དང་ཁེ་དབང་གིས་རྒྱང་རིང་ལ་སྤྱུགས་འདུག་ཅིང་། འཚོ་གནས་ཀྱི་སྙིང་པོ་མཐའ་དག་དབང་འབྱོར་གྱིས་བསླུ་འགོ་རྩོམ་བཞིན་བདོག ། སྤྱིར་ན་མི་རྣམས་འཇིག་རྟེན་འདིར་སྐྱེས་པ་ནི་རང་དབང་ལ་བརྩི་སྲུང་ཞུ་བའི་ཆེད་དུ་ཡིན་པར་འོས་ཀྱང་།ང་ཚོ་ནི་ཁྲེལ་གཞུང་དང་ངོ་སྲུང་གི་ཆེད་དུ་འཇིག་རྟེན་འདིར་གཞན་དབང་དུ་སྐྱེས་པ་འདྲ། ད་ཆ་ང་ཡིས་གཞོན་དུས་ཀྱི་རེ་བ་ཐམས་ཅད་སྟོང་བསམ་གྱི་ལན་ཆགས་ཙམ་ཡིན་པའི་ངེས་ཤེས་རྙེད་ཅིང་། རེ་ཆད་ཀྱི་སྐྱོ་ཡུས་ལས་བྱུང་བའི་འཚོ་བ་འདི་ནི་ད་གཟོད་ང་ཡི་མི་ཚེ་ཡིན་པ་ཤེས་རྟོགས་བྱུང་། འོན་ཀྱང་། ངས་ནང་སེམས་ཀྱི་སྐྱོ་ཡུས་སུ་ལ་བཤད་ཨང་།

རི་མཐོ་ས་ཞིག་གི་རྩེ་མོར་འགོས་ཏེ་མིག་ཟུང་འདི་རྒྱང་ལ་གཏད་ན། འཇིག་རྟེན་ནི་གུ་ཡངས་དང་བབ་ཆགས་ཀྱིས་ཆགས་པ་དང་འདྲ་ཞིང་། ཐང་ཡངས་མོ་ཞིག་ལ་གན་རྐྱལ་དུ་བསྡད་དེ་མཐའ་ཡས་པའི་ནམ་མཁའ་ལ་ཤེད་ཀྱིས་བལྟས་ན། ང་ནི་དངོས་འབྲེལ་རང་དབང་ཅན་གྱི་མི་ཞིག་འདྲ། འོན་ཀྱང་རྨི་ལམ་གྱི་འཇིག་རྟེན་དེ་དག་ལས་རིང་དུ་གྱེས་ཏེ། དངོས་ཡོད་ཀྱི་འཚོ་བའི་འཇིག་རྟེན་ལ་ཉེ་བར་བཅར་དུས་དེ་འདྲ་ལར་ནས་མིན་ཏེ། འཇིག་རྟེན་ནི་གུ་དོག་ཅིང་རྙོག་འཛིང་གིས་ཁེངས་པའི་ཤེ་མུན་ཞིག་ལ། ང་ནི་དེ་རུ་ཚུད་པའི་ཉེས་ཅན་གྱི་གཏེ་བོ་ཞིག་གོ། སྔོན་ཆད་ང་ཡིས་འདི་འདྲ་ཞིག་བསམས་ཏེ། ཕུགས་བསམ་གྱི་ཁྲེས་པོ་དང་། མ་འོངས་པའི་འཆར་གཞི་ཅི་ཡང་མེད་ཀྱང་། རང་ལུས་འདམ་གང་འདི་རང་ལ་དབང་ཞིང་། རང་སེམས་ཆུང་ངུ་འདི་རང་གི་འདོད་མོས་བཞིན་འགྲོ་ཐུབ་པའི་འཁྱར་པོ་ཞིག་ཅིས་ཀྱང་བྱ་ན་འདོད། འོན་ཀྱང་དངོས་ཡོད་ཀྱི་འཚོ་བའི་གཞུང་ཤིང་ལ་ཉེ་བར་བཅར་དུས་དེ་འདྲ་བོ་ཞིག་ལར་ནས་བཅའ་ཐབས་མི་འདུག །


  • ལེ་ཚན་སྔོན་མ།:ཕ་ཡུལ་ནས་གྱེས་ཐེངས་རེར།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།