དྲིན་ཆེན་ཨ་མ།

མཱ་ལ་ཏི།        2024-01-11

སྐྱོ་བ་མིག་ཆུ་ཡི་མཐའ་ནས།།

སྨྲེང་བའི་ཟུག་གཟེར་གྱིས་གདུང་དུས།།

ནང་སེམས་ལྷོད་ཆགས་ཀྱི་ཕྱིར་དུ།།

བརྩེ་བ་བསིལ་ཆང་དེ་འདྲེན་མཁན།།

བྱམས་ལྡན་ཨ་མ་ལས་སུ་ཞིག།

དགའ་བའི་མཛའ་བརྩེ་ཡི་ཁྲོད་དུ།།

དུང་བའི་འཁྲེང་ཞེན་ཅི་མཆིས་ཀྱང་།།

ལྷད་མེད་བརྩེ་དུང་གི་རི་བོ།།

འགྱུར་མེད་གཡུང་དྲུང་བཞིན་བརྟན་པ།།

དྲིན་ཆེན་མ་ལོ་ལས་སུ་ཞིག།

འཚོ་བའི་འཆར་ཡན་གྱི་ཀློང་ནས།།

སྣང་བ་བཟང་ངན་གང་འཆར་ཡང་།།

ངག་འཇམ་བསླབ་བྱ་ཡི་ཁ་ཏ།།

སྙན་པའི་འགྱུར་ཁུག་ཁྲོད་གྱེར་མཁན།།

བརྩེ་ལྡན་ཨ་མ་ལས་སུ་ཞིག།

མི་ཚེ་རྨི་ལམ་གྱི་གསེབ་ཏུ།།

དགའ་སྐྱོའི་རླུང་འཚུབ་ཅི་ལྡང་ཡང་།།

ཉི་མའི་དྲོད་ཁོལ་དང་འདྲ་བ།།

ཚོར་བ་འཇམ་མཉེན་གྱི་བདག་པོ།།

ཁྱིམ་འཛིན་བདག་མོ་ལས་སུ་ཞིག།



  • ལེ་ཚན་སྔོན་མ།:ཕྱི་ཐག་རིང་བའི་གྲོགས་པོ།
  • ལེ་ཚན་རྗེས་མ།:རྐང་འདྲེན་དུ་སྐྱེས་པའི་མི་རབས།