དམངས་གཞས་ཤིག་ཉོན་གྱིན་བྲིས་པའི་ངག་གླུ།

ཆོས་འབྱོར་རྒྱ་མཚོ།        2024-01-08

འཛིན་བྲལ་དབྱངས་རྟ་མཛེས་མའི་ཕྱག་སེན་ལས།།

སྤེལ་མའི་ཟོལ་གྱིས་སྟར་ལ་ལྡིང་བ་ན།།

མདངས་དང་གཟུགས་མེད་དབྱངས་རྟ་གཅིག་གི་རྗེས།།

བདག་བློ་རྒོད་པོའི་དབྱིངས་སུ་ལྡིང་སྐོར་བརྒྱ།།

དྲི་མེད་གཙང་དང་མི་གཙང་མེད་པའི་དབྱངས།།

དབྱངས་འདི་དབུལ་པོའི་ལྟོགས་གྲང་ཀློང་ན་འདར།།

གཟུགས་མེད་སྒྲ་འཛིན་རྐུ་མཁས་ཆོམ་རྐུན་དབྱངས།།

དབྱངས་འདི་ནོར་འཛིན་རྗེ་བོའི་ཕོ་བྲང་བཞིན།།

ཡིད་སྐྱོའི་སྡུག་བསྔལ་ཟ་བའི་སྐྱེ་རྒུ་ལ།།

ཡིད་ལ་གཟུགས་མེད་བདེ་བ་སྟེར་བའི་དབྱངས།།

གཞན་ཕན་སྙིང་རྗེའི་སྔོན་འགྲོ་མ་དམིགས་ལས།།

འགྲོ་ལ་ཕན་པ་སྦྱིན་མཁས་འཕགས་སྡེ་བཞིན།།

ཁམས་གསུམ་སྐྱེ་འགྲོའི་སེམས་ཉིད་བཙན་པོའི་དཔུང་།།

སྐད་ཅིག་ཉིད་ལ་ཁ་ལོ་བསྒྱུར་འདོད་ན།།

གཟུགས་མེད་ཕྱག་སེན་བར་དུ་དོག་པའི་ཆོས།།

དབྱངས་རྟ་དཀྲོལ་ལ་མཁས་པར་མཛོད་ཅིག་ཀྱེ།།

དབྱངས་འདི་འགྲོ་ལ་བདེ་དཔལ་བསྐྲུན་པའི་ལྷ།།

ཐུབ་དབང་རྒྱལ་བའི་སྡེ་དང་ཅུང་མཆིས་མོད།།

ཐུབ་པས་འགྲོ་ལ་སྡུག་བསྔལ་སྦྱིན་རེ་སྐན།།

དབྱངས་ཀྱིས་སྐབས་རེར་སྡུག་བསྔལ་ཟས་སུ་སྦྲེངས།།

ཡིད་འོང་བྱམས་པ་དང་འབྲལ་སྡུག་བསྔལ་གྱི།།

འོབས་སུ་ལྷུང་ནས་ཐར་བར་དཀའ་བའི་ཁྱུ།།

དྲན་གདུང་སྐྱོ་གཞས་ཆུ་འཛིན་གཡོ་བའི་རྒྱུན།།

འཛད་མེད་མགྲིན་ལ་རྡོལ་མཁན་དབྱངས་ལས་སུ།།

བརྐམ་པ་བདུད་མོའི་ཡོ་ལང་རབ་རྒྱས་ཏེ།།

གནོང་པའི་གདོང་ཞལ་འཛིན་མའི་གཞོན་ནུ་དག།

གློ་བུར་སྤོབས་པའི་ངར་ཆ་སྟེར་མཁན་དེ།།

བསྔགས་ཀྱང་བརྗོད་མི་ནུས་པ་དབྱངས་ལས་སུ།།

སྙིང་དབུས་ཆུ་སྐྱེས་བཞད་པའི་གདན་སྟེང་དུ།།

དགའ་བདེའི་དཔལ་འབྱོར་འཛད་མེད་འཇོ་མཁན་གྱི།།

དབྱངས་འདི་ཕྱི་དང་ནང་ལ་ཉི་ཟེར་བཞིན།།

འགྱུར་མེད་འཕོ་འཇིག་བྲལ་བའི་བཀྲ་ཤིས་ཤོག།



  • ལེ་ཚན་སྔོན་མ།:རྒས་གཉེར་ཆགས་པའི་ལོ་དང་ཟླ་བ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།