ཨ་མ་དྲིན་ཆེན་ལོ་བརྒྱ།

འཕུར་སྐྱོད།        2024-01-05

དྲན་འཛིན་ཆུ་ལས་གྲང་བའི་ལོ་ཟླ་འདིར།།

ཞེ་སེམས་གཅིག་པུར་ལུས་པའི་ལོ་ཟླ་འདིར།།

སྙིང་གི་ཕྱེད་ཀ་བཞིན་གྱི་དྲིན་ཆེན་མ།།

དྲན་ནས་བཟོད་གླགས་ཕྲན་བུ་མ་མཆིས་སོ།།

མེ་ཏོག་སྣ་བརྒྱ་འཛུམ་གྱིས་བཞད་ཤུལ་ན།།

ཟིར་ཟིར་སྦྲེང་བའི་རྐང་དྲུག་འཕུར་བ་གན།།

ཧ་ཅང་མཛེས་ཉམས་མངོན་དུ་འཕགས་མཐོང་ཚེ།།

དྲིན་ཆེན་ཨ་མ་ལོ་བརྒྱ་དྲན་ནས་ཡོང་།།

མི་རིགས་ཐ་དད་འདུ་འཛི་ཆེ་བའི་ཡུལ།།

ཁེར་རྐྱང་སེམས་ཆུང་འཁྲི་མེད་ཉུལ་བའི་ཚེ།།

བརྗོད་མེད་སྙིང་གི་ཕྱེད་ཀ་དྲིན་ཆེན་མ།།

དྲན་པའི་མེ་ལྕེ་རབ་ཏུ་མཆེད་ནས་ཐལ།།

གྲོགས་མེད་ཁེར་རྐྱང་ལུས་པའི་ལོ་ཟླ་འདིར།།

ཀུན་གྱི་ལྡོག་ཟླར་གྱུར་པའི་ལོ་ཟླ་འདིར།།

སྙིང་ཆུང་པད་དཀར་དབུས་ཀྱི་དྲིན་ཆེན་མ།།

དྲན་ནས་བཟོད་གླགས་ཕྲན་བུ་མ་མཆིས་སོ།།

བདེ་བའི་རོ་བཅུད་ཅུང་ཙམ་དབེན་པ་ཡི།།

གྲང་བའི་སྤུ་གྲི་རབ་ཏུ་རྣོ་ངར་གྱི།།

འཁོར་བའི་གྲོང་ནས་སྲོག་ལྟར་གཅེས་པའི་མ།།

དྲན་ནས་བཟོད་གླགས་ཕྲན་བུ་མ་མཆིས་སོ།།

བཞིན་རས་དཀར་གསལ་ཟླ་བ་བུ་ངའི་སེམས།།

གསལ་ཙམ་མི་གསལ་མི་རྟག་འཇིག་རྟེན་ནས།།

ལོ་གཉིས་བྱིས་པའི་དུས་ནས་གཏན་གྱེས་མ།།

དྲན་ནས་བཟོད་གླགས་ཕྲན་བུ་མ་མཆིས་སོ།།

ཕུགས་བསམ་འདབ་བརྒྱ་མེ་ཏོག་བཞད་པའི་ཡུལ།།

བརྩོན་པའི་གཤོག་ཟུང་རིང་མོར་སྐྱོང་དུས་འདིར།།

གཏན་དུ་འཕྲད་ཐབས་མེད་པའི་དྲིན་ཆེན་མ།།

དྲན་ནས་བཟོད་གླགས་ཕྲན་བུ་མ་མཆིས་སོ།།



  • ལེ་ཚན་སྔོན་མ།:བསམ་མནོ་ནང་དུ་ཕྱོགས་ན།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།