གསང་སྤྱོད་ནང་གི་ལྟད་མོ།

ལུག་རྫི།        2024-01-04

གསང་སྤྱོད་དང་གཙང་སྤྱོད། སྤྱོད་ཁང་དང་ཆབ་ཁང་། སྤྱོད་ནང་དང་སྐྱག་ཁང་སོགས་འབོད་སྲོལ་འདྲ་མིན་སྣ་ཚོགས་ཡོད་མོད། མིང་གི་འབབ་ས་ནི་སྙིགས་མ་དོར་ས་སྟེ་རྒྱུ་མི་མང་གི་དབུས་ནས་བསགས་ཏེ་འབྲས་བུ་རྩིག་པའི་ཕག་ནས་སྐྱེལ་སའི་གསང་ཁང་དེའོ། ། སྤྱིར་གསང་སྤྱོད་ཡིན་ན་ཕོ་སྤྱོད་དང་མོ་སྤྱོད་གང་རུང་དུ་ངེས་ཀྱང་།གསེར་ལྡན་རྒྱལ་ཁབ་ལ"ladyboy"སྟེ།གླུ་ལེན་གར་འཁྲབ་ཀྱིས་ཁ་གསོ་མཁན"ཕོ་ལུས་མོ་བསྒྱུར་མ"ཁོ་ནར་དབང་བའི་གསང་སྤྱོད་ཁང་གཞན་ཞིག་ལོགས་སུ་ཡོད་སྐད།

འདས་ཟིན་གྱི་མི་ལོ་འགར། ང་རང་གྲོང་ཁྱེར་གང་ཞིག་ཏུ་གསར་དུ་སླེབས་མ་ཐག་དོ་སྣང་བྱེད་ས་གསང་སྤྱོད་ཁང་ཡིན་ཏེ། དེ་ནི་ང་ལ་གསང་བའི་བྱ་སྤྱོད་སྤེལ་རྒྱུ་ཡོད་པ་མ་ཡིན་པར།སྤྱོད་ཁང་ཉུང་ལ་རྙེད་དཀའ་བས་མགྲོན་ཁང་གི་སྐྱག་གཞོང་གི་ཁ་ལ་རྐུབ་བཞག་ནས་རྒྱབ་བསྙེས་ཏེ་རྒན་འཁོགས་ཀྱིས་བཙོག་པ་གཏོང་གཏོང་བྱ་རྒྱུར། ང་རང་གཏན་ནས་མི་གོམས་པར་མ་ཟད། སྟབས་བདེ་པོ་ཁྱོན་ནས་མི་འདུག་པས་འུ་ཐུག་དུས་དེའི་ཁར་ཙོག་ཙོག་བགྱིས་ནས་གཏོང་རྐྱང་བྱས་པ་ཡིན། སྐབས་དེ་དུས་ནས། གྲོང་གསེབ་པས་སྐྱག་གཅིན་གང་ནས་བྲོ་ན་དེ་གར་འདོར་རྐྱང་བྱས་པས་སམ། ར་བཟི་བས་གང་ནས་སྟབས་བདེ་ན་དེ་རུ་གཏོང་རྐྱང་བྱས་པའི་རྐྱེན་གྱིས་ཡིན་ནམ། སྟབས་ལེགས་པར་དེང་སང་གཏོང་གླ་མི་ལེན་པར་མ་ཟད་སྤྱི་ལེ་གཅིག་ཚུན་ན་གཙང་སྦྲ་དོད་པའི་གསང་སྤྱོད་ཁང་རེ་དང་གོས་སེར་གྱོན་པའི་སྲུང་མཁན་རེ་བཀོད་སྒྲིག་བྱས་འདུག། སྤྱོད་ཁང་ཕལ་ཆེ་བའི་ཕོ་སྤྱོད་གཡས་དང་མོ་སྤྱོད་གཡོན་ན་འདུག། ཕོ་མོ་ལྷན་དུ་འགྲོ་དུས་ཕོ་གཡོན་དང་མོ་གཡས་སུ་ཕྱིན་ན་དགེ་མཚན་ཆེ་བ་བཞིན། ངས་སྤྱོད་ཁང་གི་གནས་ཕྱོགས་དགེ་མཚན་གྱི་སྒོ་ནས་གཏན་ཁེལ་བྱས་མེད་དམ་སྙམ་སྟེ་མཉམ་བཞག་མོད།ཡོངས་རྫོགས་གཅིག་གྱུར་རེད་མི་འདུག།

ཡར་འཛུལ་བ་ན་ཁང་བ་ཀ་གཅིག་མ་འདྲ་བ་ཞིག་ཏུ་སྤོས་དཀར་རམ་པང་ལེབ་ཀྱིས་བཅད་ཐེན་ནས་ཁང་བུ་མི་གཉིས་ལངས་ན་འཁོར་ཐུབ་ཙམ་བཞི་འམ་ལྔ་གང་རུང་འདུག། མར་ཙོག་པ་དང་དྲན་སྐུལ་ཡིག་འབྲུ་འགའ་མིག་ལ་ཟུག་ནའང་བོད་ཡིག་ལས་ཡིག་ངོ་མི་ཆོད་པའི་མི་རྒན་དག་ལ་གོ་བརྡ་སྤྲོད་པའི་ནུས་པ་ལྡན་མིན་ལ་དོགས་པ་ཟ། གལ་ཏེ་ངའི་ཨ་མྱེས་བཞུགས་ཡོད་ན། ཏན་ཏན་ཁོང་ལ་གོ་བརྡ་འཕྲོད་ཀྱི་མ་རེད། སྐབས་འདིར་ངའི་ཨ་མྱེས་དྲན་བྱུང་། ངས་ནམ་རྒྱུན་སྤྱོད་ཁང་དུ་ཙོག་ཙོག་བྱས་པ་དང་ཨ་མྱེས་ཐེངས་རེ་དྲན་གྱི་འདུག། དྲན་པའི་རྒྱུ་མཚན་ཡང་བྱིས་དུས་སུ་ལོག་ནས་བཤད་པར་བྱ། བྱིས་དུས་སྐྱག་གཅིན་དོར་མི་ཤེས་དུས་ཨ་མྱེས་ཀྱིས་ང་ཁྲིད་ནས་གཏོང་སྟངས་བསླབས་པས་མི་ཚད། གཏོང་དུས་རྐང་བ་བགྲད་དེ་ལག་གཉིས་པུས་མོའི་སྟེང་དུ་ཞོག་ཅེས་རྒྱུན་དུ་ཞལ་ཏ་གནངས་མྱོང་། གཙང་ཤོག་ལ་ཆུ་སིམ་པ་བཞིན་ཞལ་ཏ་མང་པོ་ངའི་སྙིང་ལ་སིམ་ཡོད་ནའང་། མིག་ལ་སྣང་རྒྱུ་ནི་ངའི་གམ་ན་ཤོག་སྙིགས་འགའ་ལས་མི་འདུག། སྙིགས་ཟོམ་གྱི་ཤོག་རོས་ང་ལ་རྒྱ་རྫོང་ནགས་ཀྱི་ཉམས་རྒུད་དྲན་དུ་བཅུག་ཅིང་། སྐྱག་འདེད་ཀྱི་དྭངས་ཆུས་ཐན་པ་བཏང་བའི་ས་ཞིང་སྐྱ་ཆགས་མ་ཞེ་ལ་འཁོར་བར་བྱས་བྱུང་།ཐོན་ཁུངས་གཟན་པའི་གྲོང་ཁྱེར་གསང་སྤྱོད་ཀྱི་སྙིགས་མས་བཅུད་འཐེན་པའི་ངང་ཚུལ་གྱིས་གཏོང་དུས་དྲི་ངན་མི་བྲོ་ལ།བཏང་རྗེས་ཆུ་དང་ཤོག་བུའི་འགྲོ་སོང་མི་དགོས་པར་ས་ཁྱེམ་གང་བརྒྱབ་ཙམ་གྱིས་ཆོག་པའི་གྲོང་གསེབ་ཀྱི་གསང་སྤྱོད་ང་ལ་དྲན་དུ་བཅུག་བྱུང་།

གྲོང་ཁྱེར་བར་ལུད་དོར་མི་ཐུབ་པའི་དཀའ་ཁག་ཡོད་ལ།གྲོང་གསེབ་པར་ལུས་གསོག་མི་ཐུབ་པའི་འོ་བརྒྱལ་ཆེ།ལུད་ལ་རིན་ཐང་ཡོད་ཡ། གྲོང་གསེབ་ནས་གོང་ཐང་འཕར་ལ། གྲོང་ཁྱེར་ནས་གོང་ཐང་ཆག་འགྲོ། ངས་ཡང་བསྐྱར་བཤད་ལུད་ལ་རིན་ཐང་ཡོད་ཨང་། རིན་ཐང་ཡོད་མེད་ཀྱི་དབང་གིས། གྲོང་ཁྱེར་གྱི་སྤྱོད་ཁང་ནས་ལུད་འདོར་བར་མི་གླ་དགོས་ལ།གྲོང་གསེབ་ནས་ལུད་གསོག་པར་མི་གླ་དགོས། མི་གླ་ཞེས་པའི་ཚིག་འབྲུ་འདིས་མི་གླ་བྱས་ནས་ལུད་འདོན་མྱོང་བའི་སློབ་ཆུང་སློབ་གྲོགས་སྐོར་ཞིག་མིག་མདུན་དུ་འཁོར་བྱུང་། སྐབས་དེ་དུས་སློབ་གྲྭའི་གསང་སྤྱོད་གཉིས་ཀ་ལུད་ཀྱིས་ཁ་གང་དྲགས་ཏེ་མར་ཙོག་ནས་སྐྱག་གཅིན་གཏོང་དུས་རྐུབ་ལ་རེག་གྲབས་བྱེད་པའི་ཚོད་དུ་ཡོད་པས་ན།གཙང་སྦྲར་དང་དོད་ཆེ་བའི་རྒན་ལགས་ཚོས་ཐབས་བརྒྱ་ཇུས་སྟོང་གིས་ལུད་འདོན་མཁན་ཕྱི་མི་བཀུག་རུང་གླ་དམའ་བས་ལགས་སོ་ཟེར་མཁན་ཞིག་མ་རྙེད་པས། སློབ་མ་ཧྲག་བསྡུས་བྱས་ཏེ་ལུད་འདོན་མཁན་མི་རེར་སྒོར་ལྔ་སྟེར་རྒྱུ་ཡིན་བྱས་པ་དང་ཕལ་ཆེར་གྱི་གདོང་ལ་དགའ་བའི་འཛུམ་འཁྱིལ་ཏེ་ལག་པ་མཐོར་བཀྱགས་ཏེ"རྒན་ལགས་ང"རྒན་ལགས་ང"ཞེས་སྐད་ཤུགས་གང་ཡོད་ཀྱིས་ལབ་ཀྱང་གཟུགས་རིང་དང་སྟོབས་ཆེན་དག་དམིགས་བསལ་གྱིས་བདམས་པར། ངས་རང་ཉིད་གཟུགས་ཐུང་ཡིན་པར་འཁང་ར་བྱས་མྱོང་།

ཁང་བརྩེགས་དང་འུར་ཟིང་འཕེལ་རྒྱས་ཀྱི་རྟགས་མཚན་དུ་བརྩི་བའི་དུས་རབས་འདིར། ནང་སེམས་མར་མར་འགྲིབ་ཀྱང་འབྱོར་བ་ཡར་ཡར་རྒྱས་པའི་དེང་དུས་ལ། སྔོན་ཆད་ཀྱི་ལུད་འདོན་དཀའ་བའི་སློབ་ཆུང་གི་སྤྱོད་ཁང་དེ་ནི་གྲོང་ཁྱེར་གྱི་གསང་སྤྱོད་དང་གཅིག་པ་གཅིག་རྐྱང་བཟོས་འདུག་ལ། མི་རིང་བར་མི་ཚང་རེ་རེའི་སྤྱོད་ཁང་ཡང་གྲོང་ཁྱེར་གྱི་གསང་སྤྱོད་དང་ཨ་ན་མ་ན་ཞིག་བཟོ་དགོས་ཚུལ་གྱི་གཏམ་ཡན་གྱར་འདུག་པ་ལ། ལུད་གསོག་ལ་བྲེལ་བའི་རྒན་འཁོགས་ཚོས་དངངས་འཚབ་བྱེད་ལ། ལུས་གསོག་མི་སྒྱིད་པའི་ན་གཞོན་དག་གིས་རེ་སྒུག་དང་བཅས་འཐད་པའི་མགོ་ལྕོག་ལྡེམ་པར་མོས།

ནམ་ཞིག་གྲོང་གསེབ་ནས་ལུད་ཀྱི་གོང་ཐང་ཆག་སྟེ། རྫས་ལུད་ཁོ་ནས་བསྐྱངས་པའི་སྦྲང་དཀར་རྩམ་པ་བསྟེན་དགོས་པའི་དུས།ངན་སོང་སྒོ་ཟོག་གིས་ཀྱང་དལ་འབྱོར་ལུས་ལྡན་གྱི་སྐྱག་གཅིན་ལ་དྲི་སྣོམ་ཙམ་ཡང་མི་བྱེད་པར་སྐྱུག་བྲོ་འབའ་ཞིག་བྱེད་སྲིད་དེ། དེ་ནི་ང་ཚོར་བདེ་ཐང་གི་ལུས་པོ་མིན་པའི་ཉེན་བརྡ་རྒྱག་ལུགས་གཞན་ཞིག་རེད་ཨང་། །


  • ལེ་ཚན་སྔོན་མ།:ལས་ཀྱི་རླུང་དམར།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།