དགུན་གཞུང་གི་དྲན་པ།

འཆིང་གྲོལ།        2023-12-12

ད་ཡང་དགུན་དུསཤིག་ཚེས་འགོ་བརྩམས། ང་རང་རྩོམ་པ་པོ་ཞིག་ཡིན་པས་ལམ་སང་ཡིད་ཀྱི་དྲན་ཤིང་གི་ལྡེབས་ངོས་སུའང་ཚོར་སྣང་གཞན་ཞིག་འཁྲུངས། ཚོར་སྣང་དེས་ངའི་སྨྱུ་གུའི་རྒྱུ་སྟངས་དེ་གྲང་ཤུར་ཤུར་གྱི་དགུན་དུས་སུ་ཕྱོགས་སོང་། ངས་དགའ་སྐྱོ་དག་བྲིས་པའི་ཉིན་ཐོ་ལ་ཅེར་བཞིན། ཡིད་ཀྱིས་ཕྱིར་འདང་རྒྱབ་ན་ངའི་མི་ཚེ་ལ་འཆར་ཡན་དང་ཚོར་བས་བསྐྲུན་པའི་རྩོམ་ཡིག་འགའ་ལས་ཅི་ཡང་མེད་པ་དྲན་ན། ང་མིག་ཆུ་མེད་པའི་སྡུག་བསྔལ་གྱི་གཏིང་རིམ་ཞིག་ཏུ་ཚུད་འགྲོ་སྐད། ཡིན་ཡང་དྲན་པའི་ལྡེབས་རིས་ངོས་ནས་ད་དུང་རབ་རིབ་ཏུ་མ་འགྱུར་པའི་རྩོམ་ཡིག་དེ་ངའི་འཚོ་བའི་རེ་སྙེག་བཅོལ་ས་གཅིག་པུ་དེ་ཡིན། ང་རི་བོ་མཐོན་པོའི་བྲང་ལ་འབྱར་ཏེ་མིག་མདུན་གྱི་ཕ་ཡུལ་ལ་བསྟོད་བསྔགས་བྱས་མྱོང་ཞིང་། སྦྲ་ནག་གི་ཁ་འཚུབ་བར་ནས་ཡར་ལ་གཟིགས་ཏེ་དགུང་གི་ཟླ་བ་ལ་སྙན་ངག་

གྱེར་མྱོང་། ང་དང་རྩོམ་ཡིག་ནི་ལོ་ཟླའི་རླུང་འཚུབ་ཀྱིས་བསུབ་ཅིང་། དུས་ཀྱི་ཆར་ཆུས་འཇིག་མི་ནུས་པའི་བར་དུ་སྔས་མགོ་གཅིག་གི་སྟེང་ནས་ཉལ་ངེས། ངའི་རྩོམ་ཡིག་དག་ལ་གཞན་གྱིས་བལྟས་ན་རྣམ་པ་སྡུག་པ་ཞིག་མ་ཡིན་པར་མ་ཟད། ཡིད་དུ་འོང་བ་ཞིག་ཀྱང་མ་མཆིས། འོན་ཀྱང་ང་རྩོམ་རིག་ལ་དུང་བ་ཆེ་དྲགས་པས་མི་འགའ་རེས་ང་ལ་རྩོམ་པ་པོ་འཆིང་གྲོལ་ཞེས་འབོད་མྱོང་ཡོད། ངའི་ན་ཟླ་ཚོའི་བསམ་བློ་ནི་མཛེས་སྡུག་གི་སྔོ་བསང་འཕྱུར་བའི་འབྲོག་ཐང་གི་ཉག་ག་ཞིག་ནས་བཅོ་བརྒྱད་ལས་འཕྲོའི་རྟ་ཁྱུ་འཚོ་བཞིན། གཙང་འགྲམ་གྱི་མེ་ཏོག་འཐུ་བའི་མ་སྐྱེས་ལྷ་མོར་དགའ་དུང་གི་གླུ་འགའ་ལེན་བ་དེ་རེད། ང་ལ་མཚོན་ན་སྨྱུག་རྩལ་མཚོན་དོན་ཅན་ཞིག་གིས་རྩོམ་ཡིག་གི་གོམ་སྟབས་བར་ན་ཕུགས་བསམ་གྱི་རེ་བ་ཞིག་མངོན་འདོད་པ་དེ་ཡིན། ངའི་རྨི་ལམ་གྱི་ལྡིང་ཁང་ན། རུས་རྐང་གི་སྦུབས་སུ་བཞུར་བའི་རྩོམ་ཡིག་གི་བཞུར་སྒྲ། སེམས་ཀྱི་གཏིང་རིམ་ནས་བབས་པའི་ཐ་སྙད་ཀྱི་ལང་ཚོ་གསར་པ་དག་ནི་ད་བར་གྱི་ངས་རེ་མདུན་གྱི་ལག་པ་འཇུ་ས་དེ་ཡིན།



  • ལེ་ཚན་སྔོན་མ།:སྲིད་པ་གཡུ་ཡི་ཐང་མ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།