དེ་རིང་གི་ཞོགས་པ་ནི་རྒྱུན་ལྡན་ཞིག་རེད།

འབར་མེ།        2023-11-29

སྒེའུ་ཁུང་གི་ཤེལ་སྒོ་ཕྱེས་མ་ཐག་དེའི་མདུན་ཐད་ཀྱི་ལྡུམ་བུ་སྣ་མང་སྐྱེས་ཡོད་སའི་བར་ཁྱོན་ཆུང་ངུ་སྟེ། སུ་ཞིག་གིས་ང་ལ་བགོ་སྐལ་བྱས་པ་འདྲ་བ་དེ་མིག་མདུན་དུ་མངོན་སོང་། ཕྱི་རོལ་གྱི་ནམ་མཁའ་ནི་སྤྱིར་ན་གཡའ་དག་པ་ཞིག་ཡིན་དགོས་ཀྱང་། བསྟུད་མར་ཉིན་འགའ་ལ་ལུག་བལ་གྱིས་བཟོས་པ་ལྟ་བུའི་སྤྲིན་པ་དག་གིས་བསྒྲིབས་འདུག། དེ་ནི་ཕལ་ཆེར་ང་ལ་རྒྱུས་ཡོད་པའི་ནམ་ཟླ་ཞིག་ཀྱང་རེད་ལ། ང་རང་འདི་གར་ཕྱིན་ནས་དུས་ཚོད་ཀྱི་བཞུར་རྒྱུན་ཁྲོད་ཀྱི་ཞོགས་པ་གཅིག་རེད། སྔ་མོ་མལ་ནས་ལངས་མ་ཐག་སྒེེའུ་ཁུང་གི་ཟུར་ཞིག་ཏུ་ཅི་ཞིག་གྲག་གིན་འདུག་ཀྱང་ངས་དེ་ལ་དོ་སྣང་ཆེར་མ་བྱས། དེ་ནི་ཕལ་གྱི་ར་མ་དང་བ་ལུ་མ་རེ་འགའ་མིན་ནམ་དོགས་པས་ཡིན། དེ་ནས་ཞོགས་ཚོགས་ལ་སོང་ཞིང་དུས་ཚོད་གཅིག་ལས་ཅུང་འདའ་བའི་རྗེས་སུ་སློབ་གྲོགས་དག་ཀྱང་མགོ་དང་སྔ་མའི་གོ་རིམ་མེད་པར་སོ་སོའི་སྡོད་ཤག་ཏུ་ལོག། ད་ནི་མི་འགྱང་བར་སློབ་གྲྭའི་མཇུག་རྒྱུགས་ལ་ཁེལ་གྱིན་པས་མང་པོ་ཞིག་བྲེལ་ཟིང་ངང་གནས་ཤིང་། ལོ་གཅིག་གི་སྦྱང་གཞི་དག་ལ་བསྐྱར་ཞིབ་དང་བསམ་གཞིག་གཏོང་། མཚན་མོ་ཡང་དུས་ཚོད་གཅིག་ནས་གཉིས་ལ་ཤག་ནས་དཔེ་ཆར་གཟིགས་མཁན་ནི་སྔར་ལས་མང་ཞིང་རྒྱུན་ལྡན་དུ་ཆགས།

ངའི་སྒེའུ་ཁུང་གི་མདུན་ངོས་སུ་ཡོད་པའི་སྤང་ཐང་དག་གི་ཁྲོད་དུ་སྔོ་རྩྭ་འདྲ་མིན་སྐྱེས་ཤིང་སྐྱེ་སྟོབས་ཀྱིས་རེ་འགའ་ངའི་སྒེ་ཁུང་གི་ཁར་སྙེགས་ཙམ་བྱེད་ཀྱིན་འདུག་ཅིང་། ངས་ལན་རེར་དེ་དག་ལ་མིག་གིས་འཚོས་ནས་ཕ་ཡུལ་ཟེར་བའི་མཐའ་མཇུག་གི་ལོག་མལ་དེ་ལའང་བློ་ཁ་ཕྱོགས་པ་རེ་འགའ་ཡོད། དེ་ནི་ངའི་ཕ་ཡུལ་ལ་ཡང་འདི་ལྟ་བུའི་སྔོ་མ་མང་དུ་སྐྱེ་བས་ཡིན་ནམ་འདོད། སློབ་གྲྭ་ནི་ད་ལྟ་ཞི་འཇགས་ཁྲོད་དུ་བསྡད་འདུག། སློབ་གྲོགས་ཚོས་ཀྱང་ཆུ་ཁོལ་རེ་འཐུང་གིན་མགོ་བོ་སྨད་ཙམ་བྱས་ཏེ་དཔེ་ཆ་ལྟ་བཞིན་འདུག་ཅིང་། ངས་ཀྱང་ཚིག་དོན་མི་གོ་བའི་རྒྱ་གླུ་ཞིག་བཏང་ནས་འཕྲུལ་ཆས་ཀྱིས་མ་བཟོས་པའི་མདང་དགོང་གི་ཁོ་ཧྥེ་འཐུང་འཕྲོ་དེ་བཏུང་ཞོར་བསྡད། མ་གཞི་སྔ་མོ་ཟུར་ནས་ཅི་ཞིག་གྲག་པ་དེ་ནི་གྲྭ་པ་རྒན་པ་ཞིག་གིས་ངའི་སྒེའུ་འགྲམ་གྱི་རྩྭ་ལྡུམ་དག་བྲེག་གིན་འདུག་པ་དེ་ཡིན་འདུག ཁོ་ནི་ང་རང་འདི་གར་ཐོན་མ་ཐག་ཏུ་ངོ་ཤེས་པའི་ཐོག་མའི་གྲལ་གྱི་མི་ཞིག་ཡིན། ཁོང་གིས་ང་ལ་ཁ་མཚར་དང་ཀུ་རེ་འགའ་བཤད་ནས་སྔར་བཞིན་ལས་ལ་གཞོལ་འགོ་བརྩམས། ད་ནི་གཞི་ནས་ཆར་པ་དེ་ཡང་བབས་པར་གྱུར་མདུན་འཐད་དུ་ཡོད་པའི་གྱོ་མོ་ཡི་ངོས་ནས་ཐིགས་ཆུ་དག་གིས་ཆལ་སྒྲ་དང་བཅས་འཕྲོ་རིམ་འཕྲོར་འབབ་གྱིན་འདུག་ལ། བྱེའུ་རེ་གཉིས་ཀྱང་གཟན་འཚོལ་དུ་འགྲོ་བའི་སྟ་གོན་བྱེད་གྱིན་པ་འདྲ་སྟེ་སྐད་གསང་མཐོན་པོས་གྲག་ཅིང་། སྐབས་སྐབས་སུ་རླངས་འཁོར་གྱི་འུར་སྒྲ་དང་ལས་ཀ་བ་རེ་གཉིས་ཤིག་གི་འཕྲུལ་ཆས་ཀྱི་འཆོམ་སྒྲ་ཡང་གྲག་བྱུང་བས་མི་ཚོགས་ཀྱང་ད་ནི་གཞི་ནས་འུར་ཟིང་ལ་རིམ་གྱིས་འགྲོ་འགོ་བརྩམས། ཞོགས་པ་འདི་ནི་འདི་ལྟ་བུ་རྒྱུན་ལྡན་གྱི་ཞོགས་པ་ཞིག་རེད།

ངས་ནི་ནམ་རྒྱུན་ཞོགས་པ་འདིར་འདི་ལྟ་བུའི་དོ་སྣང་ཆེར་བྱས་མྱོང་མེད་དེ། ལམ་སང་སྒེའུ་ཁུང་གི་ཤེལ་སྒོ་ཕྱེས་ནས་ནང་དུ་ཁ་དབུགས་གསར་པ་རེ་བརྗེས་ཏེ། བསླབ་དེབ་སྟེང་གི་ལས་བྱ་དག་ལ་རབ་རིབ་ཅིག་བལྟས་རྗེས་སོ་སོ་རང་ཉིད་ཀྱི་གོམས་འདྲིས་སུ་སོང་བའི་ཁ་པར་གྱི་ངོ་ལ་ཅེར་འགོ་བཟུང་ངེས། འདི་ནི་ཕལ་ཆེར་ངའི་འཚོ་བ་རེད་ཟེར་ནའང་མི་ཆོག་པ་ཅི་ཡང་མེད། ངས་ཞོགས་པ་འདིར་རང་གི་ཉོབ་ཅིང་གོ་རིམ་མེད་པའི་བྱ་བ་དག་ལ་ཕྱིར་འདང་རེ་རྒྱབ་ཚེ་སྐྱུག་ཡེར་བའི་དུས་ཚོད་གཏོང་བ་ལས་འཇོན་ནུས་དང་བྲོད་ཆོག་པའི་བྱ་བ་གང་ཡང་མེད་པས་སྙིང་ཉེ་བའི་ཀློག་པ་པོ་དག་ལ་སྦ་གསང་བྱེད་དགོས་སོང་། འདི་ནི་ངའི་མི་ཚེ་དཔེ་དེབ་ཞིག་ལ་དཔེ་བླང་ཚེ་སྤྱི་དོན་ཙམ་ཞིག་ཡིན་ངེས་ཤིང་། རབ་བྱེད་དང་ལེའུ་ཅན་ཞིག་གི་དབང་དུ་བཏང་ཚེ་གསུམ་ཆའི་གཅིག་ཙམ་མིན་འགྲོ་སྙམ་བྱུང་། སྔ་མོ་ཡི་དུས་སུ་སྐབས་རེ་ལ་གཡའ་དག་པའི་ནམ་མཁའ་ནས་ཉི་མས་རང་གི་འོད་ཟེར་དག་སེར་སྣ་མེད་པའི་ངང་ནས་ཕྱི་ནང་གི་སྣོད་བཅུད་དག་ལ་འཕང་མེད་དུ་བསྩལ་ཅིང་། སྐོར་བ་བྱེད་མཁན་གྱི་བགྲེས་པོ་དག་གིས་ཀྱང་འོད་འགོག་མིག་ཤེལ་དང་ཉི་ཞྭ་ཞིག་གྱོན་ནས་བསྐོར་བ་བྱེད་ངེས། དེ་རིང་ནི་གཞི་ནས་དེ་ལྟ་བུ་ཞིག་མིན་པར་སྐོར་བ་བྱེད་མཁན་དག་གི་གྲངས་ཀ་ཡང་སྔོན་ནས་ཉུང་ངུར་གྱུར་ཞིང་རེ་འགའ་ཡོད་པ་དེ་དག་གིས་ཀྱང་གོན་པ་ཇེ་ཐུག་ཏུ་བཏང་སྟེ་ལག་པར་ཆར་གདུགས་ཤིག་བཟུང་ནས་འགྲོ་ཡི་འདུག་ལ། མཆོད་རྟེན་གྱི་ཟུར་ཁའི་མིས་བཙུགས་ལྗོན་པ་ཁར་ཁོར་ལ་མེ་ཏོག་དཀར་ཐག་ཆོད་ཅིག་སྐྱེས་ཤིང་སྟེང་དུ་ཡི་གར་འོང་བའི་ཟིལ་བ་རེ་འགའ་ཡང་ཆགས་འདུག།

མི་ཚེ་རེ་མོས་སུ་འཁོར་བའི་ཟོ་ཆུན་གྱི་རྒྱུན་ལྟ་བུ་ཞིག་རེད་ལ། མིའི་རིགས་ཀྱིས་རྟེན་གཞི་བྱས་པའི་སའི་གོ་ལ་འདི་ཡང་དུས་ཚིགས་བཞིས་རེ་མོས་སུ་བྱས་པ་ཞིག་རེད་དམ་འདོད། ཞོགས་པ་རེ་རེ་མི་རྣམས་མལ་ལས་ལངས་ཤིང་། རེ་འགས་གསར་དུ་བྱ་བ་བསྒྲུབ་འགོ་འཛིན་ཞིང་། རེ་འགས་སྔོན་གྱི་བྱ་བ་དག་གི་མཇུག་སྐྱོང་། ཡང་རེ་འགའ་ནི་སྨུག་ལུང་ནང་གི་བྱེའུ་ཆུང་བཞིན་གོ་རིམ་དང་གཏོད་སོ་མེད་པར་སྡོད་ངེས། ང་ནི་ཕལ་ཆེར་གསུམ་པའི་ཁྲོད་དུ་གཏོགས་གམ་སྙམ་བྱུང་། ཞོགས་པ་ནི་ང་རང་ཆེས་དགའ་བའི་དུས་ཚོད་ཅིག་ཀྱང་ཡིན། དེ་ནི་ང་རང་ཆུང་ངུའི་དུས་སུ་མ་ལགས་སྔ་མོ་ནས་ལངས་ཤིང་། མེ་བུས་ཇ་བསྐོལ་རྗེས་སླས་ར་ནས་བཞོན་མ་དག་བཞོ་ལ། དེའི་རྗེས་འོ་ཟོ་གཡོན་དུ་འཛིན་ཞིང་པང་ཁེབས་སྟེང་དུ་མར་དང་འོ་མའི་དྲེག་པ་ཆགས་ལ་ལག་པ་ཡང་འོ་མས་བརླན་པར་བྱས་ཤིང་ཕྱིར་ཁྱིམ་དུ་ཡོང་། དེ་དུས་ཕལ་ཆེར་ཨ་ཕ་ལགས་ཀྱང་ཡར་ལངས་ནས་ཐབ་ཁ་རུ་ལྷོད་ཆགས་སེར་འདུག་སྟེ་མེ་སྒོང་བཏང་ངེས། བཞོས་ཚར་བའི་འོ་མ་དེ་འོ་ཟོ་གཞན་ཞིག་གི་ནང་བླུགས་རྗེས་སྐྱོགས་ལ་བཅུས་ནས་ཇ་ནག་ལྷོག་ལྷོག་ཏུ་གདུ་སའི་དེམ་ནང་བླུག་སྲིད། ཨ་མས་ཁྱིམ་མི་ཀུན་ལ་ཞོགས་ཟས་སྟབས་བདེ་ཞིག་བཟོས་རྗེས། གཞི་ནས་ངེད་ཅག་ལ་འབོད་དེ་ཁྱིམ་མི་ཀུན་གྱིས་ཡིད་བདེ་བའི་ངང་མཆོད་ངེས། འདི་ནི་ངའི་དྲན་ངོས་སུ་གསལ་བའི་བྱིས་དུས་ཀྱི་ཞོགས་པ་ཞིག་ཀྱང་ཡིན་ལ། ང་རང་ཞོགས་པ་ལ་དགའ་དགོས་པའི་རྒྱུ་མཚན་ཞིག་ཏུ་བགྲང་ཡང་མི་ཆོག་པ་མེད་སྙམ།

ཞོགས་པ་འདིར། ངས་རང་གི་མདུན་ཅོག་ངོས་ཀྱི་དཔེ་ཆ་དེ་དག་གི་ཁྲོད་ནས་རང་ཉིད་ལ་ཅུང་རྒྱུས་ཆེ་ཞིང་། དཀར་པོ་དང་ལྗང་ཁུ་གཉིས་སྤེལ་མ་ཡུག་ཅིག་ལ་ཁ་བྱང་ཡོད་པའི་དཔེ་ཆ་དེ་ཚུར་བསྣམས་ནས་སྔོན་མར་དགེ་རྒན་གྱིས་གསུངས་བ་དང་རང་གིས་གནད་ཆེ་བར་འདོད་སའི་རྟགས་སྨྱུག་དམར་པོ་དང་སྔོན་པོས་རེ་མོས་སུ་རྟགས་བརྒྱབ་པའི་སྐོར་དེ་བློར་བཟུང་ཞིང་། དེའི་ཟ་ཟུར་གྱི་འདོད་ཚུལ་དང་གཏན་ཚིག་སོགས་ལའང་བསམ་བློ་རེ་གཏང་འགོ་བརྩམས། དེ་བས་ཞོགས་པ་འདི་ནི་འདི་ལྟ་བུ་རྒྱུན་ལྡན་གྱི་ཞོགས་པ་ཞིག་རེད།



  • ལེ་ཚན་སྔོན་མ།:ཁ་བ། གཡུ་འབྲུག་སྔོན་མོའི་འབབ་ཀ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།