གང་འདྲ་བྱས་ན་སྤྲོ་སྣང་འཕེལ་ཐུབ།

བློ་བཟང་དབང་མོ།        2023-11-13

སྤྲོ་སྣང་ནི་སེམས་ནས་ཡོང་དགོས་པ་ལས་ཕྱིར་དངོས་པོའི་ཐོག་ཏུ་གནས་མེད། དེ་བས་སྤྲོ་སྣང་ནི་ང་ཚོའི་སེམས་ཀྱི་ཚོར་སྣང་ཞིག་ཡིན། མི་འདོད་ཆུང་ཆོག་ཤེས་ལྡན་པ་དང་། ཁྲོང་ཁྲོ་བག་ཆགས་མེད་པ། འཚོ་བ་ལ་ཡིད་ཆེས་ཁེངས་པའི་མི་རྣམས་ལ་སེམས་ཁམས་བདེ་བ་ཞིག་ཡོད། དེང་དུས་ཀྱི་མི་ཕལ་ཆེར་བ་ཞིག་སྡུག་བསྔལ་གྱི་རྒྱ་མཚོར་ལྷུངས་ཏེ་སྐྱིད་པོའི་ཚོར་སྣང་ཞིག་ཡེ་ནས་ཡོང་གིན་མེད། དེའི་རྒྱུ་མཚན་ནི་འདོད་ཆགས་དང་ཞེ་སྡང་། གཏི་མུག། ང་རྒྱལ་བཅས་ཀྱི་བསྒྲིབས་དྲགས་ཏེ་རང་ལ་མེད་ན་མི་སྡུག་ཅིང་གཞན་ལ་ཡོད་ན་སྡུག་པའི་བསམ་ངན་སོགས་བཅངས་པས་དུས་ནམ་ཡང་ཕྱི་ལ་བལྟས་ན་གོས་མཛེས་པོ་ཞིག་དང་རྫིག་ཉམས་ཀྱི་ངོ་ལས་བཅོས་མའི་མདངས་ཤིག་ཕྱུང་སྟེ་ནག་ནོག་གིས་བསྒྲིབས་པའི་འཚོ་བ་ཞིག་བསྐྱལ་དགོས་བྱུང་། ཇི་ལྟར་བྱས་ཏེ་ཚེ་སྲོག་གི་ནུས་པ་ཆེ་ཤོས་འདོན་ཐུབ་པ་བྱེད་པ་དང་བྱ་བ་གང་ཞིག་ལ་འཇུག་ཀྱང་ཡིད་ཆེས་དང་སྤྲོ་སྣང་གིས་ཁེངས་པ་ཞིག་བྱ་དགོས་ཞེ་ན། བཟང་ཕྱོགས་ལ་འགྱུར་བའི་སེམས་ཁམས་རིག་པའི་ནང་སེམས་སྐྱིད་པོ་ཡོང་དགོས་ན་དང་ཐོག་བརྣབ་སེམས་མེད་ཅིང་ཁོག་ཡངས་བཟོད་བསྲན་ཐུབ་པ་ཞིག་དགོས། སྤྲོ་སྣང་ལྡན་པའི་མི་ཞིག་ཡིན་ན། ནམ་ཡིན་ཡང་གཞན་དང་འཆམ་མཐུན་སྒོ་ནས་འགྲོགས་པ་དང་བྱ་བ་གང་འདྲ་ཞིག་ཡིན་རུང་ཐོག་མར་བྱ་བ་དེ་འགྲུབ་མིན་སོགས་ལ་བརྟག་དཔྱད་ཞིབ་འཇུག་བྱས་པ་ལས་རྨོངས་ཚོད་ཀྱི་ཐོག་ནས་འཇུག་པ་དང་གཞན་ལ་འགྲན་རྩོད་སོགས་བྱེད་མི་སྲིད། གང་ལགས་ཞེ་ན། མི་དེ་རིགས་ལ་ཕན་སེམས་དང་གུ་ཡངས་ཀྱི་བསམ་བློ་ཞིག་ཡོད་པས་ཡིན། ནམ་རྒྱུན་སྤྲོ་སྣང་གིས་ཁེངས་པའི་སེམས་ཁམས་ཤིག་བཟུང་ན་ཁྱོད་ཀྱི་མི་ལུས་རིན་པོ་ཆེ་ལ་འགྱོད་པ་མེད་ཅིང་བདེ་སྐྱིད་ཀྱི་འཚོ་བ་ཞིག་རོལ་ཐུབ་བོ།



  • ལེ་ཚན་སྔོན་མ།:ཚོར་བར་མེ་ལྕེ་སྒྲོན་པའི་ཙག་སྒྲ་རྐང་གཅིག།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།