དབྱངས་ཅན་ལགས།

མྱུག་ཆར།        2023-10-26

སློབ་འགོ་གསར་དུ་བརྩམས་པའི་ཉིན་དང་པོ་ཡིན་ནམ་ཅི་ཆ།ད་ལྟ་དྲན་སོས་ཐབས་མི་འདུག་མོད།སློབ་གྲོགས་རྣམས་དང་འདྲིས་མེད་པའི་སློབ་སྐབས་ཐོག་མ་དེར།དབྱངས་ཅན་ལགས་ངའི་གྲལ་མཚེས་ཡིན་ཞིང་།དེ་དུས་ཀྱི་སྣང་བརྙན་དག་ཕལ་ཆེར་ད་དུང་ཡང་མིག་ལམ་དུ་འཆར་ཐུབ་པར་འདུག། སློབ་གྲོགས་མང་པོའི་གྲས་ནས། མོ་ནི་ཅུང་དམིགས་བསལ་ཞིག་སྟེ། འགྲོ་སྟངས་འདུག་སྟངས་དང་བཤད་སྟངས་གཤོབ་སྟངས།ཐ་ན་གོན་པ་གོན་སྟངས་སོགས་ཀྱང་ཀུན་དང་མི་མཐུན་པ་ཞིག་ཡིན་པས།ངས་ཅི་འདྲའི་མི་དྭངས་པ་ཞིག་རེད་ཨང་དྲན་མྱོང་།ད་ལྟ་ཡང་བརྗེད་དུ་མེད་པ་ནི་འཇུར་རྟ་ཡུ་རིང་དེ་རེད།མིག་ལ་མི་རན་པའི་མོའི་བཟོ་ལྟ་དེས་ངས་མོ་རང་མཐའ་གཅིག་ཏུ་ངན་པ་ཞིག་ཏུ་བརྩིས་པ་ཡིན་ལ།སློབ་གྲོགས་ཚོས་ཀྱང་མོའི་རྒྱུ་མཚན་མང་དུ་འཆད་བཞིན་པ་གོ་ཐོས་སུ་བྱུང་།ལྷག་ཏུ་ཞི་ལུ་ཚོས་སུ་མཛེས་མ་ཡིན་མིན་དང་།སུ་ལ་དགའ་རོགས་ཡོད་མེད་སོགས་གླེང་དུས།དབྱངས་ཅན་ནི་དེ་འདྲའི་མི་དྭངས་པ་ཞིག་ཏུ་རྩི་བཞིན་འདུག། ཡང་ལ་ལས་ཡག་མོ་ཞིག་ཡོད་རབས་དང་ལ་ལས་ཆ་འཇོག་ཅི་ཡང་མེད་པའི་སྒོ་ནས་གདེང་འཇོག་སྣ་ཚོགས་བྱེད་ཀྱི་འདུག། དྲང་མོར་བཤད་ན། དབྱངས་ཅན་གྱི་སྐྱེས་གཟུགས་མཛེས་ལ།ཕར་བལྟས་ཚོད་ཀྱིས་བུ་མོ་སྣང་འགྲོ་ཞིག་རེད།གཟུགས་པོ་རིང་ལ་ཕྲ་བས།འཛིན་གྲྭ་ནང་ནས་མཛེས་མ་ཁ་ཤས་གདམ་དགོས་ཚེ།མོ་ཡང་ནང་དུ་འདུ་བ་དེ་འདྲ་ཞིག་ཡིན།སློབ་སྐབས་དེའི་རིང་།ངེད་གཉིས་གྲལ་མཚེས་ཡིན་ཞིང་།ང་མེད་དུས་མོས་འདུག་ས་བཀོད་སྒྲིག་བྱེད་ཅིང་།ཁོ་མོ་མེད་དུས་ང་རང་སོང་ནས་འདུག་ས་བླངས་པ་ཡིན།ད་ཟེར་ན།ཡིད་ལ་གསལ་པོ་མི་དྲན་ཡང་།མོར་ཁ་བརྡ་མང་པོ་མ་བྱས་ཀྱང་།སྒམ་ཚུགས་འཛིན་མཁན་དེ་འདྲ་ཡེ་ནས་མིན་པས།རང་བཞིན་གྱིས་ཁ་བརྡ་འོང་ཞིང་།དེ་སྔོན་གྱི་བསམ་ཚུལ་གུ་དོག་མོ་དེ་ལ་འགྱུར་བ་ཡང་བག་ཙམ་བྱུང་། སློབ་སྐབས་དེ་སྐད་ཅིག་ཉིད་ལ་ཕར་འདས་སོང་།ང་ཚོའི་བར་ལ་ཡང་དེ་ཙམ་ལས་བཤད་རྒྱུ་གཞན་ཅི་ཡང་མི་འདུག་མོད།ངེད་གཉིས་ཅུང་རྒྱུས་ཡོད་དུ་འགྱུར་དུས་ནི་ཕལ་ཆེར་ལོ་རིམ་གཉིས་པ་མིན་ནམ་དྲན།འདྲིས་ཤིང་ལོབས་པར་གྱུར་ཚེ།དབྱངས་ཅན་ནི་སློབ་གྲོགས་བུད་མེད་རྣམས་ལས་རྣམ་དཔྱོད་ཡག་ལ་མཐོང་རྒྱ་ཡོད་པ།སྤོབས་པ་དང་ལྡན་པ་དེ་འདྲ་ཞིག་ལོས་ཡིན་བསམ།མོ་དབུས་ནས་ཡིན་ལ།ང་ཚོའི་འཛིན་གྲྭའི་ནང་དུ་དབུས་ནས་ཡིན་པའི་སློབ་གྲོགས་མང་པོ་ཞིག་ཡོད་མོད།ཐོག་མར་ཨམ་སྐད་ཡག་པོ་ཞིག་འཆད་ཐུབ་མཁན་ནི་མོ་མིན་ནམ་དྲན།ལྷག་ཏུ་ཁྲིད་སྟེགས་སྟེང་ནས་གཏམ་བཤད་འདྲ་ཞིག་བྱ་དགོས་ཚེ།གྲ་སྒྲིག་ཅི་ཡང་མེད་ན་ཡང་གནས་ལུགས་ཡིན་ལ་ཚིག་སྣེ་ཡང་བདེ་བའི་སྐད་ཆ་ཅི་ཡོད་ཤར་མར་བཤད་ཐུབ་མཁན་ནི་མོ་ཙམ་རེད།འདིའི་ཐད་ནས་ང་ལ་ཡང་ཁྱད་ཆོས་ཅུང་ཟད་ཡོད་ཀྱང་།མོར་བསྡུར་ཐབས་མེད་པ་འདྲ།ང་ནི་མོའི་དབུས་སྐད་ལ་ཉན་པར་དགའ་ཞིང་།མི་མང་འཚོགས་ས་ནས་དབུས་སྐད་ཀྱི་ལམ་ནས་གཏམ་བཤད་བྱེད་པར་དེ་ལས་ཀྱང་ཉན་པར་སྤྲོ།ངེད་གཉིས་ལྷན་དུ་ཡོད་དུས།སེམས་རྣལ་མོས་ཕན་ཚུན་ལ་ཁ་བརྡ་ཞིག་བྱེད་པ་མི་དྲན་ལ།ལྷག་ཏུ་རིག་གནས་སོགས་ཀྱི་ཐད་ནས་ཁ་བརྡ་ཞིག་ཕལ་ཆེར་བྱེད་མེད་པ་འདྲ།མོ་རྒྱ་ཡིག་ཡག་པོ་ཡོད་པས།ཐོག་དང་པོར་དགེ་རྒན་དུ་བསྟེན་ན་བསམ་མོད།ཕྱིས་སུ་ལམ་ལྷོང་དུ་མ་སོང་བས་རེ་ཞིག་ལུས།མཐར་སྣང་དོགས་ཅི་ཡང་མེད་པར་སྐད་ཆ་ཅི་ཡོད་བཤད་ཆོག་པའི་གྲོགས་པོར་གྱུར་པས།མོས་ང་ལ་ནན་ཏན་གྱིས་ཁྲིད་ན་ཡང་།ངའི་རྣ་ལ་མི་འགྲོ་བར་མ་ཟད།བསམ་གཟས་ཏེ་ཁ་རྩོད་སོགས་ཤོར་འགྲོ་བའི་དུས་ཀྱང་ཡོད།འོ་རེད།ད་དུང་མོར་དབུས་ནས་ཡིན་པའི་གྲོགས་མོ་ཞིག་ཡོད་པའི་མིང་ལ་ལྷ་མོ་ཞེས་འབོད།ལྷ་མོ་ནི་དབྱངས་ཅན་གྱི་གྲོགས་མོ་ཡག་ཤོས་ཡིན་ལ།འཛིན་གྲྭའི་ནང་ནས།ངའི་གྲོགས་མོ་ཡག་ཤོས་ཀྱང་ཡིན།མོ་དང་བསྡུར་ན།ལྷ་མོའི་གཟུགས་པོ་ཐུང་ཞིང་ཤ་རྒྱགས་པོ་ཡོད་པས།ངས་ནམ་རྒྱུན་ཚོ་སྟུག་མ་དང་ཕག་མ་སོགས་ཀྱིས་མཚོན་པའི་ཐ་སྙད་བཙོག་པ་རེ་ཡིས་མཚང་མིང་བཏགས་པ་ཡིན།དེ་དུས་དབྱངས་ཅན་གྱིས་ང་ལ་ཡང་གཟུགས་ཐུང་དང་ཕོ་བཙོག་ཅེས་འཕྱ་དམོད་བཏང་མྱོང་ན་ཡང་།ང་ཚོ་སུ་ཡིན་ཡང་སྐད་ཆ་དེ་དག་སེམས་ལ་བཟུང་པ་ནི་མི་དྲན།གཞན་ནི་མི་ཤེས་མོད།དབྱངས་ཅན་གྱིས་ང་ལ་ཅི་ཞིག་བཤད་ན་ཡང་།སེམས་ལ་འབབ་པ་དེ་འདྲ་ཞིག་ཡིན།སྐད་ཆ་བཙོག་པ་ཞིག་བཤད་ན་ཡང་།ཡུད་ཙམ་གྱིས་བརྗེད་འགྲོ་བ་དེ་འདྲ་ཞིག་རེད།དེ་ནི་ཧ་ལམ་མོའི་སེམས་རྒྱུད་དང་འབྲེལ་བ་ཡོད་པ་འདྲ།ལྷ་མོ་ནི་དངོས་གནས་ལྷ་མོ་རང་སྟེ།གཤིས་རྒྱུད་ཡག་ལ་སྐད་ཆ་ཉུང་།ནམ་རྒྱུན་སེམས་ཁམས་མཚོན་པའི་གཞས་སྙན་མོ་རེ་ལ་མཉན་རྒྱུར་དགའ་ཞིང་།སོས་དལ་དུས་རང་ངོས་ནས་ཀྱང་གཞས་སྙན་མོ་རེ་ལེན་དཔེ།ད་ཟེར་ན།གཞས་ཚིག་དེ་དག་གསལ་པོ་མི་དྲན་ཡང་།ལྷ་མོས་བཏང་བའི་གཞས་དག་ལས་ང་རང་ཉན་པར་དགའ་བ་ནི་སེམས་ཁམས་མཚོན་ཐུབ་པའི་གཞས་དེ་དག་རེད།ད་ཆ་ལྷ་མོ་གནས་ཚུལ་ཙམ་ཡང་མི་ཤེས་མོད།དབྱངས་ཅན་གྱིས་ཞིབ་མོར་ཤེས་པ་ང་ལ་ཡིད་ཆེས་ཡོད།དབྱངས་ཅན་ནི་ཀུན་ལ་མཐུན་ཞིང་ འགྲོགས་བདེ་གཤིབ་བདེ་ཡིན་པར་མ་ཟད།སེམས་པ་བཟང་ལ་ངང་རྒྱུད་རིང་བ་ཞིག་ཡིན་པས།འཛིན་གྲྭའི་ནང་གི་སློབ་གྲོགས་མང་ཤོས་ཀྱིས་རིམ་བཞིན་ཁོ་མོར་དགའ་པོ་བྱེད་ཀྱི་འདུག དབྱངས་ཅན་ལ་གྲོགས་པོ་གྲོགས་མོ་མང་པོ་ཞིག་ཡོད།མང་ཤོས་ནི་སེམས་ངོ་སྟོན་མཁན་དེ་འདྲ་ཡིན།ཁོག་པ་བཤགས་ནས་བལྟས་ཀྱང་ལྷད་མེད་པ་དེ་འདྲ་ཡིན།འདིའི་ཐད་ནས་ངས་མོར་ཡིད་སྨོན་ཡང་ཡང་བྱས་མྱོང་།དེ་འང་རྒྱུ་མཚན་མེད་པ་ཞིག་མ་རེད།ངེད་གཉིས་ལྷན་དུ་ཡོད་དུས།མོས་མི་ཞིག་ལ་ངན་ཞིག་བཤད་པ་རྣ་བའི་ཟུར་དུ་ཡང་མ་ཡོང་།མོ་དང་བསྡུར་ན།ང་ལ་རང་རྩིས་ཆེ།ཁོག་དཔུང་མེད།སྤོབས་པ་ཆུང་།བསམ་བློ་ཡང་གུ་དོག་པས་ང་ལ་བློས་ཐུབ་ཀྱི་གྲོགས་པོ་ཟེར་ཡང་ཆོག། ཡང་ན་གལ་ལ་ཐུག་དུས་ཁེན་ཆོག་པའི་གྲོགས་པོ་དེ་འདྲ་ཞིག་མེད་པ་འདྲ།ཡོད་ཀྱང་དབྱངས་ཅན་ཙམ།དེ་དུས་དབྱངས་ཅན་ལ་དགའ་རོགས་ཤིག་ཀྱང་ཡོད།དེ་ཡང་གཟུགས་པོ་ཐུང་ཞིང་ཤ་རྒྱགས་པ་དེ་འདྲ་ཞིག་ཡིན།ད་ཆ་ཁ་ཁར་ཡོད་ཀྱང་གནས་ཚུལ་གསལ་པོ་འདྲི་མ་ཕོད།ཡིན་ཡང་དབྱངས་ཅན་ནི་ཚུགས་ཐུབ་ཅན་ཞིག་ཡིན།མོར་དགའ་རོགས་སྒྲིག་ཟེར་མཁན་མང་པོ་ཞིག་ཡོད་པ་ངས་ཤེས་ཡོད།དེ་དག་གི་ཁྲོད་དུ་གསར་རྒོད་དང་ནོམ་ཅན་སོགས་མང་ན་ཡང་།མོས་སྔར་བཞིན་བློ་རྩེ་གཅིག་ཏུ་གཏད་པ་རེད།དེ་དུས་ངས་ད་གཟོད་དབྱངས་ཅན་ནི་དེ་འདྲའི་སེམས་ལ་འབབ་མོ་ཞིག་ཡིན་པ་རྟོགས། སློབ་མཐར་ཕྱིན་ནས་མི་ལོ་གཉིས་ཙམ་ཕྱིན་འདུག་མོད། དབྱངས་ཅན་ལགས་དང་འབྲེལ་བའི་གཏམ་རྒྱུད་དེ་དག་ཡིད་ངོར་ཝ་ལེར་ཤར་ཐུབ། མོའི་མིང་ཆ་ཚང་ལ་པད་མ་དབྱངས་ཅན་ཞེས་འབོད། དབྱངས་ཅན་ནི་ངས་མོའི་མིང་ནས་འབོད་སྟངས་ཤིག་ཡིན།མོའི་སྔུན་ནས།ངས་དེ་ལྟར་བོས་པ་ཞིག་མི་དྲན་ན་ཡང་།དབྱངས་ཅན་ཞེས་པའི་མིང་འདི།ཆུང་མ་དང་ལྷན་དུ་ཡོད་དུས་ངས་རྒྱུན་པར་གླེང་གི་ཡོད།ངའི་ཆུང་མས་ཀྱང་།དབྱངས་ཅན་ལ་ཡིད་སྨོན་བྱེད་ཀྱི་འདུག། ཐེངས་ཤིག་ལ་དབྱངས་ཅན་ངེད་གཉིས་ཅི་ཡིན་འདི་ཡིན་མེད་པར་ཁ་རྩོད་ཤོར་ནས་ཁ་འང་བསྲེ་ཐབས་མེད་པའི་སྐབས་སུ།ཆུང་མས་ང་ལ་ལེ་བདའ་བྱེད་ཅིང་།དབྱངས་ཅན་ལ་དགོངས་དག་ཞུ་དགོས་ཚུལ་དང་།དབྱངས་ཅན་ལྟ་བུའི་གྲོགས་མོ་ཞིག་གང་དུ་འང་མེད་པར་བཤད་ནས།དབྱངས་ཅན་ངེད་གཉིས་སླར་ཡང་ཁ་ཁོག་འགལ་བ་མེད་པ་ཞིག་ཏུ་བཏང་བ་རེད།དབྱངས་ཅན་ངེད་གཉིས་ལ་མིང་སྲིང་ལྟ་བུའི་བརྩེ་བ་ཞིག་ལས་འབྲེལ་བ་གཞན་གང་ཡང་མེད་ལ།དབྱངས་ཅན་ཞེས་འབོད་དུས་ཨ་ཅེ་དང་སྲིང་མོ་གང་རུང་ཞིག་ཡིན་པ་འདྲ་བའི་སྣང་བ་ཞིག་འགོག་མེད་དུ་སྐྱེས།ནམ་རྒྱུན་དཀའ་ངལ་རེ་ལ་འཕྲད་དུས།ཐོག་དང་པོར་ཡིད་ལ་ཤར་བ་ནི་དབྱངས་ཅན་ལགས་རེད།དབྱངས་ཅན་ལགས་ཀྱིས་རྒྱུ་མཚན་གང་ཡང་མེད་པར་ང་ལ་རོགས་རམ་མང་པོ་བྱས་མྱོང་།

འཚོ་བའི་ཁ་རྒྱབ་ཏུ་དངུལ་ཡང་མང་པོ་བླུགས་མྱོང་།ངའི་དོན་དག་ཅིག་ཡིན་ཚེ་མོས་རང་དོན་ཞིག་ཏུ་བརྩིས་ཏེ་སེམས་ངོ་བསྟན་པས་ཀྱང་མིན་མོད།དབྱངས་ཅན་ལགས་ནི་དེ་འདྲའི་ཡིད་དུ་འོང་བ་ཞིག་རེད།དངུལ་ཡང་གཞན་དོན་དུ་བླུགས་པར་ཐེ་ཚོམ་མེད།ལྷག་ཏུ་ཉམ་ཐག་ནད་པའི་རིགས་ལ།དངུལ་རྡོག་མ་སུམ་ཅུ་རེ་སྤྲད་རྒྱུ་ནི་ཁོ་མོའི་གོམས་གཤིས་ཤིག་ཏུ་གྱུར་ཡོད་པ་འདྲ།མི་ལོ་བཞི་ནི་རྡུལ་འཚུབ་གཡུགས་པ་བཞིན་གར་སོང་ཆ་མེད་དུ་གྱུར་ན་ཡང་།དབྱངས་ཅན་གྱིས་ལྷད་མེད་པའི་གཤིས་ཀ་དང་ངང་རྒྱུད།ཁྲེལ་དང་ཕྱི་ཐག་སོགས་ཀྱིས་ངའི་སེམས་པ་ཡང་ཡང་སྒུལ་རྒྱུ་འདུག། ད་ཟེར་ན། བཤད་རྒྱུ་མང་པོ་ཞིག་འདུག་ཀྱང་།གློ་བུར་ཅི་ཞིག་བཤད་དགོས་ཀྱང་མི་དྲན་མོད།དབྱངས་ཅན་ཞེས་པའི་བུད་མེད་སྤྱིར་བཏང་བ་འདིས།ང་ལ་མི་ཞིག་ཅི་ལྟར་བྱ་དགོས་པའི་སློབ་ཁྲིད་ཅིག་ཀྱང་བྱས་སོང་བས།དབྱངས་ཅན་ནི་ངའི་སློབ་གྲོགས་དང་གྲོགས་མོ། ཨ་ཅེ་དང་སྲིང་མོ་གང་རུང་ཡིན་ལ།ལྷག་ཏུ་ངའི་མི་ཚེ་ལ་རེ་བའི་འོད་སྣང་སྦར་མཁན་གྱི་དགེ་རྒན་ཞིག་ཀྱང་ཡིན་ནོ།།



  • ལེ་ཚན་སྔོན་མ།:རྨི་ལམ་ནང་གི་རྔ་ཡུལ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།