རྨི་ལམ་ནང་གི་རྔ་ཡུལ།

ཧུན • དུར་རོ།        2023-10-13

བདག་གི་རྨི་ལམ་དུ་ངོ་ལོ་གང་མང་སྔོན་གྱི་རྔ་དབྱིབས་ལྟར་ཆགས་པའི་ས་གཞི་ཉམས་དགའ་བ་ཞིག་རྨི་ལམ་དུ་ཡང་ཡང་རྨིས། ནམ་རྒྱུན་རྨི་ལམ་ལས་སད་རྗེས་དེ་འདྲ་ཞིག་ཡོད་མེད་ཀྱི་དོགས་པས་ཐེ་ཚོམ་གྱི་རྒྱ་རུ་ཁྲིད་པ་ནི་ལན་གཅིག་མིན་པར་དུས་རྒྱུན་དེ་འདྲ་ཡིན། ཉིན་ཞིག་དཔེ་ཁང་ལས་དཔེ་ཆའི་ཁ་བྱང་འདི་ཡིན་དང་དེ་ཡིན་གྱི་གསལ་ཆ་མ་འཚལ་བ་ཞིག་ལས་ས་ཆ་དེ་འདྲ་ཞིག་ཡོད་པར་མ་ཟད་མིང་ལ་ཡང་རྔ་བ་ཞེས་འབོད་པ་རེད་ཅེས་བྲིས་འདུག དེ་ནས་བཟུང་ང་འགྲོ་འདོད་ཀྱི་འདུན་པ་ནི་འགོག་ཐབས་མེད་པ་ཞིག་ཡིན་མོད། ཡུལ་དུས་འཁོར་ཡུག་གང་ལ་བལྟས་ཀྱང་གནས་སྐབས་རྔ་བ་ཞེས་པའི་ཡུལ་ལ་ང་རང་འགྲོ་ཐབས་མ་བྱུང་། གཞན་གྱིས་བཤད་ན་ངའི་རྨི་ལམ་ལས་མཇལ་བ་ནི་ཆུང་ཆེ་བས་རྔ་བ་ཞེས་པའི་ཡུལ་གྲུ་དེ་མིན་པ་འདྲ་ཟེར། ངས་རྔ་བ་ཞེས་པའི་ས་ཆ་དེ་ཧ་ཅང་ཆེ་འམ་དྲིས་པའི་ལན་དུ།དེ་ནི་ཤིན་ཏུ་ཆེ་མཐའ་གང་ནས་བལྟས་ཀྱང་མཐའ་ཞིག་མཇལ་ཐུབ་པ་མ་རེད་ཅེས་ཟེར།དེ་ནས་བཟུང་ངའི་རྨི་ལམ་ནང་གི་རྔ་དབྱིབས་ལྟར་ཆགས་པའི་ས་ཆ་དེ་ལ་ཡང་འགྱུར་བ་ཐེབས་འགོ་བརྩམས། ཆེ་ནས་ཆེ་རུ་ཕྱིན་ཏེ་སྐབས་ཤིག་ལ་ངས་ཤར་མཐའ་ནས་ལྷོ་མཐའ་མཇལ་མི་ཐུབ་ལ་ལྷོ་མཐའ་ནས་ཤར་མཐའ་ཡང་མཇལ་ཐུབ་གྱིན་མི་འདུག། ས་ཆ་དེ་ངའི་རྨི་ལམ་ནས་གང་འདོད་དུ་སྤྲུལ་ན་ཆོག་ཆོག་འདྲ་ཞིག་ཏུ་ཆགས། གཞི་ནས་ངས་རྨི་ལམ་ནི་རྨི་ལམ་རང་གི་ངོ་བོ་ཉིད་དུ་བཞག་སྟེ་རྔ་བ་ཞེས་པའི་ས་ཆ་ལ་འགྲོ་འདོད་བླ་ལྷག་བྱུང་། རྨི་ལམ་ངོས་ཀྱི་རྔ་དབྱིབས་ལྟར་ཆགས་པའི་ས་གཞི་དེའང་ཉིན་རེ་འདས་པའི་མཚན་མོ་གྲངས་མེད་ཅིག་ལ་མཛེས་སྡུག་གིས་བཞད་ཅིང་ངོ་མཚར་དུ་བཀོད།

ཉིན་ཞིག་གི་མཚན་མོར་ངའི་རྨི་ལམ་གྱི་ས་ཆ་དེའི་ཆ་ཤས་ཤིག་ན་རྐང་ལམ་གྱ་གྱུ་ཞིག་ཤར་ཕྱོགས་ཀྱི་རི་ངོས་སུ་འཐེན་འདུག། དེ་རུ་ང་གང་འདོད་དུ་སོང་སོང་བའི་མཐར། ནགས་ཚལ་ཉམས་དགའ་བ་ཞིག་གི་དཀྱིལ་དུ་རིམ་པ་དང་ཐེམ་པ་བྱས་ཏེ་མཚོ་དང་མཚེའུ་ཆེ་ཆུང་དུ་མ་བར་མེད་དུ་འཁྱིལ་འདུག། མཚེའུ་རེ་རེའི་མདོག་ཀྱང་གཡུ་སྔོན་བཞུས་པ་ལྟར་ཡིད་དུ་འོང་བའི་ནགས་ཁྲོད་དུ་གཏེར་དུ་སྦས་པར་ལྗང་ལམ་ལམ་ངང་ལྟེམས་འདུག། ངའི་སེམས་སུ་ཟང་ཟིང་གི་འཇིག་རྟེན་གྱི་གྲུ་ག་རེ་རེ་ན་འདི་འདྲའི་ལྷིང་འཇགས་དང་ཁོད་འཇམ་པའི་གནས་ཉམས་དགའ་བ་རེ་ཟུང་ཡང་ཡོད་སྲིད་དམ་སྙམ། དྲིལ་་སྒྲ་ཞིག་གིས་གཉིད་ལས་གློ་བུར་དུ་དཀྲོགས།

ངས་སྐབས་ཤིག་རྨི་ལམ་ནང་གི་ས་ཆ་དེ་ལ་མིང་ཞིག་བཏགས། རྔ་ཡུལ་མཐོང་བ་ཀུན་སྨོན་ཞེས་བོས། བསྡུས་མིང་ལ་རྔ་ཡུལ་ཡང་འབོད་སྲོལ་ཆགས།

ད་ལྟ་ང་ལ་ངུ་སྙི་བའི་ནད་ཅིག་བྱུང་བས་དུས་རྒྱུན་གཏམ་རྒྱུད་དང་སྒྲུང་གཏམ་གང་ལ་མཇལ་ཡང་མཐར་མཆི་མས་ཡོངས་སུ་བརླན་འགྲོ་བར་བྱེད། ཕ་ཡུལ་གྱི་བཤད་སྲོལ་ལྟར་ན་མཆི་ཁ་སྙི་མོ་ཡང་ཟེར་སྲོལ་འདུག། གང་ལྟར་ནད་དེ་ནམ་བྱུང་མ་ཤེས་མོད། ད་ལྟ་ངའི་ལུས་ན་འབྱར་འབྱར་ལ་འདུག་སྟེ་མཚན་མོ་དག་ལ་གཉིད་ཡང་ལར་ནས་ཡོང་བ་ཞིག་མ་རེད། དེ་ལྟར་དུས་ཚོད་ག་ཙམ་ཕྱིན་པ་ཡང་མ་ངེས་མོད། ད་ལྟ་གཞི་ནས་ངས་རྨི་ལམ་དེ་དག་བོར་ཟིན། རྨི་ལམ་དེ་དག་གི་ཁ་དོག་དང་དབྱིབས་ཀྱང་ཐོར་ཟིན། རྨི་ལམ་ནང་གི་ས་གཞི་ཆ་ཚང་དེ་བརྗེད་ཟིན། དངོས་གནས་བརྗེད་ཟིན་པ་འདྲ། ངའི་རྨི་ལམ་གྱི་རྔ་ཡུལ། ད་ལྟ་ངས་རྨི་ཐུབ་གྱིན་མི་འདུག། ཇི་ལྟར་རྨིས་ན་འདོད་ཀྱང་ད་ལྟ་དངོས་གནས་ང་དང་རིང་དུ་གྱེས་ཟིན་པ་འདྲ། རྔ་ཡུལ་ལགས་ཕྱིར་ཕེབས་རོགས། ངའི་རྨི་ལམ་དུ་ཕེགས་རོགས། ངའི་རྨི་ལམ་ནང་ལྷུན་ཆགས་སུ་བཞུགས་རོགས།


  • ལེ་ཚན་སྔོན་མ།:དགེ་རྒན་ལགས་སེམས་ཀྱི་སྐྱབས་གནས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།